༄༅།།བོད་ཀྱི་གྲངས་འཛིན་མཉམ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 01ཚེས་17ཉིན། 10:26】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་10%ཡན་འཕར་རྒྱུ་ཡིན་པ།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོར། བོད་ཀྱིས་གསོག་འབོར་ལེགས་སྒྱུར་དང་། འཕར་ཚད་མཐོ་རུ་གཏོང་བ། འགུལ་ནུས་བརྗེ་བ། སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་ཆ་འཕྲིན་ཅན་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ཞིང་། སྔོན་དཔག་བྱས་ན། ལོ་ཧྲིལ་པོར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་10%ཡན་འཕར་རྒྱུ་ཡིན་པ་་དང་། གཞི་ཁྱོན་ཡན་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་40%ཙམ་འཕར་བ། གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་དུས་མཚུངས་ལས་15%ཡན་འཕར་བ། གླིང་ཁུལ་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་30%ཡན་འཕར་བ། ལྗང་མདོག་བཟོ་ལས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་35.4%འཕར་བ། མཐོ་གསར་གྲངས་འཛིན་ཐོན་ལས་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་36%འཕར་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་གྲངས་འཛིན་མཉམ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་137གྱི་སྲིད་དོན་ཆ་འཕྲིན་མ་ལག་322བོད་རང་སྐྱོང་ལྗོངས་གྲངས་གཞི་ཆེ་མོའི་ལྟེ་གནས་སུ་སྤོས་ནས་གྲངས་གཞི་དུང་ཕྱུར་14.9འདུ་འགྲིལ་བྱས་པ་དང་། གྲངས་གཞིའི་ཐོན་ཁུངས་ཀྱི་དཀར་ཆག་གསལ་ཐོ་ཁག་2204ཡོངས་བསྒྲགས་བྱས་པ། སྤྱི་པའི་བདེ་འཇགས་དང་། སྤྱི་ཁོག་དཔལ་འབྱོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མཐའ་དར་དམངས་ཕྱུག་བཅས་ཕྱོགས་བསྡུས་རང་བཞིན་གྱི་གྲངས་གཞི་ཆེ་མོ་བཀོལ་སྤྱོད་རྣམ་པ་བཞི་དང་ཆེད་དོན་བཀོལ་སྤྱོད་རྣམ་པ་23བཏོད་ཡོད། བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་གྲངས་གཞི་ལྟེ་གནས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་གྲངས་གཞི་མཉམ་སྤྱོད་དང་བརྗེ་རེས་ཐུབ་ཡོད། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ནས་ཁེ་ལས་4རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭར་བདམས་པ་དང་། ཁེ་ལས་10རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་གི་གྲངས་འཛིན་ཅན་ཕྱོགས་སྒྱུར་ཚོད་ལྟར་བདམས་པ། ཁེ་ལས་3ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་བཟོ་འཕྲིན་པུས“དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་གསོ་སྦྱོང་རྟེན་གཞིར”བདམས་ཡོད་པ་རེད།
2024ལོར། བོད་ཀྱིས་བཟོ་ལས་ཅན་གསར་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་བཏང་སྟེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དང་། གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་། ལྗང་མདོག་བཟོ་ལས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་བ་དང་མཐོ་གསར་གྲངས་འཛིན་ཐོན་ལས་ལ་མ་དངུལ་གཏོང་བའི་འཕར་ཚད་བཅས་ཚང་མ་10%ཡན་ཟིན་པའི་འགན་ལེན་བྱེད་རྒྱུ་རེད།
