འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་24ཉིན།

༄༅།།2024ལོར་མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་འཛུགས་སྐྲུན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་24ཉིན། 10:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་གསར་འགོད་པར“མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་བཅས་ཡོང་བའི”རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཆེད་དོན་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ། སྡོད་ཁང་འཛུགས་སྐྲུན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བརྟན་པོ་བཏང་བས། ས་ཁང་བདག་ཁོངས་ཐོན་ལས་ཀྱི་ཁྲོམ་རའི་ཁང་གོང་ཆག་པ་ནས་རིམ་པས་བརྟན་དུ་སོང་བའི་རྣམ་པ་མངོན་ཞིང་། གྲོང་ཁྱེར་བྱེད་ནུས་ཀྱི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཏེ། ཨར་སྐྲུན་ལས་རིགས་འཕེལ་རྒྱས་ལ་སྤུས་འབྲས་ལེགས་གཉེར་བྱུང་ནས་སྡོད་ཁང་འགན་སྲུང་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སོགས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།

   འདི་ལོ་ནས་བཟུང་། ས་ཁང་བདག་ཁོངས་ཐོན་ལས་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་ནུས་ལྡན་བྱ་ཆེད། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ས་ཁང་བདག་ཁོངས་རྣམ་གྲངས་ཀྱི་མ་རྩ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ། དངུལ་རྩའི་སྒྲིག་གཞིས་ས་ཁང་བདག་ཁོངས་ཁེ་ལས་ཀྱི་ལུགས་མཐུན་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་སྐོང་རྒྱུར་མཐུན་སྦྱོར་གྱིས་དུས་བཀག་བཞིན་རྣམ་གྲངས་འཛུགས་སྐྲུན་གང་མགྱོགས་བྱས་ཤིང་། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་ཁང་སྤྲོད་འགན་ལེན་རྣམ་གྲངས་23གྱི་སྡོད་ཁང་8711རྩིས་སྤྲད་པ་དང་། དཀར་ཐོའི་རྣམ་གྲངས་21གི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་དོན་འཁྱོལ་གནད་སྨིན་བྱས་ཡོད། 2024ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ས་ཁང་བདག་ཁོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་141.58བཏང་བ་དང་། ས་ཁང་བདག་ཁོངས་ཀྱི་བྲིན་ཚོང་རྒྱ་ཁྱོན་འཕྲལ་མར་རྒྱལ་ཡོངས་ཀྱི་མདུན་གྲལ་ཨང་ལྔ་པར་སླེབས་པ་མ་ཟད། ནུབ་རྒྱུད་ཞིང་ཆེན་12ཁྲོད་ཀྱི་ཨང་དང་པོའི་གྲས་སུའང་སླེབས་ཡོད།

   2024ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པའི་ཁང་པ་ཁྲི་2.75དང་། འགན་སྲུང་རང་བཞིན་གྱི་བོགས་གཏོང་ཁང་པ་1322 གྲོང་ཁྱེར་གྱི་ཉེན་ཡོད་ཁང་པ་རྙིང་པ་248བཅས་ལ་སྒྱུར་བཀོད་བྱས་པར་བོགས་གཏོང་ཁ་གསབ་སྤྲད་པའི་དུད་ཚང་4843དང་མ་དངུལ་སྒོར་ཁྲི་1453.92ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་ཚད་སྒོར་དུང་ཕྱུར་162.42དང་། དངུལ་ལེན་ཚད་སྒོར་དུང་ཕྱུར་134.59 མི་སྒེར་གྱི་དངུལ་བུན་སྒོར་དུང་ཕྱུར་47.28བཅས་ཟིན་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་འདུན་པ་ཟམ་མི་ཆད་པར་བསྐངས་ཡོད།

    ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ནས་ཞིང་ཆེན་དང་། གྲོང་ཁྱེར་དང་ཀྲོའུ། རྫོང་། ཤང་དང་གྲོང་ཚོ་བཅས“རིམ་བཞིའི”གྲོང་གསེབ་འཛུགས་སྐྲུན་གྱི་མཐུན་སྦྱོར་སྐུལ་འདེད་ལས་དོན་མ་ལག་གཏོད་རྒྱུར་ཤུགས་བརྒྱབ་སྟེ། ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་ཡོད། རིམ་རྩིས་བརྒྱབ་ན། ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་1200འཛུགས་སྐྲུན་བྱས་པ་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་80%ལ་ཁྱབ་ཡོད། ཞིང་འབྲོག་པ་དུད་ཚང་1402ཡི་ཉེན་ཡོད་ཁང་པར་སྒྱུར་བཀོད་དང་ཡོམ་འགོག་སྒྱུར་བཀོད་བྱས་ཏེ། ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་ཁྲི་3822བཏང་ནས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་ཆབས་ཅིག་ཡོམ་འགོག་གི་ཚད་གཞིར་མ་སླེབས་པ་དང་ཡོམ་འགོག་གི་ནུས་པ་ཞན་པ་སོགས་ཀྱི་ཞིང་པའི་ཁང་པའི་བདེ་འཇགས་ཀྱི་གནད་དོན་འཚོལ་ཞིབ་ཀྱང་བྱས་ཡོད།