འཚོལ་བཤེར།   
藏文频道
2025ལོའི་ཟླ་1ཚེས་10ཉིན།

༄༅།།ཏང་ཡོན་གྱི་དངུལ་སྒོར་ཁྲི་5000ཡོམ་འགོག་ཐད་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 01ཚེས་10ཉིན། 14:16】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གིས་ཚབ་ཏུ་དོ་དམ་བྱས་པའི་ཏང་ཡོན་གྱི་དངུལ་སྒོར་ཁྲི་5000བཏང་ནས་བོད་ལྗོངས་ཡོམ་འགོག་རྒུད་སྐྱོབ་ལས་དོནལ་སྤྱོད་རྒྱུ་རེད།

   བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གནོད་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་ཐུགས་ཁུར་དང་བརྩེ་བ་མཚོན་ཆེད། ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱས་པའི་ཏང་ཡོན་གྱི་དངུལ་ཁྲོད་ནས་བོད་ལྗོངས་ལ་སྒོར་ཁྲི་5000བཏང་ནས་ཡོམ་འགོག་རྒུད་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱས།

   ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གནོད་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་དང་དོན་འཁྱོལ་བྱས་ཏེ། འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་སྣ་འཚོལ་སྐྱོབ་དང་རྨས་སྐྱོན་ཕོག་པའི་མི་སྣར་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་ནས། མི་སྣ་ཤི་རྨས་ཆེས་ཆེར་ཉུང་དུ་གཏོང་བ་དང་། གནོད་འཚེ་བསྐྱར་མ་ཕོག་པར་སྔོན་འགོག གནོད་ཁུལ་གྱི་མང་ཚོགས་ལེགས་པར་བཀོད་སྒྲིག་དང་། རྐྱེན་ལ་ཤོར་བའི་ཁྱིམ་མིར་སེམས་གསོ་བྱེད་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་སོགས་ཀྱི་ལས་དོན་ཡག་པོ་བྱས་ཏེ། དགུན་ཁ་བདེ་འཇགས་དང་དྲོན་མོར་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད། གནོད་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པ་ཡོམ་འགོག་རྒུད་སྐྱོབ་ཀྱི་འཐབ་ཕྱོགས་དང་པོར་འགྲོ་དགོས་པ་དང་། གནོད་འཚེ་ཚབས་ཆེ་ཤོས་ཀྱི་ས་གནས་དང་མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཀྱི་གནས་སུ་ཕྱིན་ནས་མདུན་གྲལ་དུ་གདོང་མཆོང་བྱེད་པ་དང་། དཀའ་ངལ་དང་ཉེན་ཁ་ཆེ་བའི་གནས་སུ་འབད་འཐབ་བྱས་ཏེ། གནོད་ཁུལ་མི་དམངས་ཀྱི་རྟེན་ས་དང་སྙིང་ཉེ་བའི་མི་བྱེད་དགོས། ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་སྐུལ་སློང་དང་འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཡོམ་འགོག་རྒུབ་སྐྱོབ་ཁྲོད་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱ་རྒྱུར་དོ་སྣང་བྱེད་པ་དང་། གཞི་རིམ་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ཀྱི་སྔོན་ཐོན་དཔེ་མཚོན་ཤེས་རྟོགས་དང་དྲིལ་བསྒྲགས་བྱ་རྒྱུར་དོ་སྣང་བྱས་ཏེ། ཡོམ་འགོག་རྒུད་སྐྱོབ་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས།

    ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཏང་ཡོན་གྱི་དངུལ་འདི་དུས་ཐོག་ཏུ་གནོད་ཁུལ་གྱི་གཞི་རིམ་ལ་གཏོང་སྤྲོད་བྱས་ཏེ་ཆེད་དངུལ་ཆེད་སྤྱོད་བྱེད་པ་དང་། གཙོ་བོ་ཡོམ་འགོག་རྒུད་སྐྱོབ་ཀྱི་འཐབ་ཕྱོགས་དང་པོར་འབད་བརྩོན་བྱེད་བཞིན་པའི་གཞི་རིམ་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་འཚམས་འདྲི་བྱེད་པ་དང་། གནོད་འཚེ་ཚབས་ཆེ་བའི་དབང་གིས་འཚོ་བར་དཀའ་ངལ་འཕྲད་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་བྱེད་པ། གནོད་འཚེའི་དབང་གིས་གནོད་འཚེ་ཕོག་པའི་གཞི་རིམ་ཏང་ཡོན་གྱི་སློབ་གསོའི་སྒྲིག་བཀོད་ཉམས་གསོ་བྱེད་པར་ཁ་གསབ་སྤྲོད་དགོས་པ་ནན་བཤད་བྱས།