འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་5ཉིན།

༄༅།།སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དབུས་ལམ་རི་སྟེང་གི་རྒྱལ་ཁབ་གློག་དྲའི་ལས་བཟོ་བ།

——ས་བབ་མཐོ་ཚད་སྨི་སུམ་སྟོང་ལྷག་ཙམ་ལ་བཅའ་སྡོད་ཀྱིས་འཁྱགས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ་བདེ་འཇགས་སྲུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་05ཉིན། 10:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཡུན་ཧྲན།

    གྲང་རླུང་ཁྲོད་ལྕགས་སྒྲོམ་རེ་རེ་བཞིན་འགྱིང་ངེར་གནས་པ་དང་གློག་འདྲེན་གློག་སྐུད་རེ་རེ་བཞིན་རི་ཚོགས་བརྒལ་ནས་ཁྲིད་པའི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་དབུས་ལམ་རི་བོ་ཁ་བས་བཀླུབས། ས་བབ་མཐོ་ཚད་སྨི་3000ལྷག་ཙམ་གྱི་མཚམས་སུ་སླེབས་སྐབས་མི་ཇེ་ཉུང་དུ་སོང་ཞིང་། རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་གློག་འདྲེན་དང་གློག་སྒྱུར་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ལྕགས་ཟམ་ཁའི་སྐྱེལ་འདྲེན་སྲུང་སྐྱོང་ཡན་ལག་པུའུ་དབུས་ལམ་རི་བོའི་འཁྱགས་བཤེར་ས་ཚིགས་ཉེ་འགྲམ་དུ་གློག་ཤུགས་བཟོ་པ་རུ་ཁག་གཅིག་གིས་བྲེལ་བརྩོན་ཆེན་པོ་བྱེད་བཞིན་ཡོད།

    ལྕགས་ཟམ་ཁ་སྐྱེལ་འདྲེན་སྲུང་སྐྱོང་ཡན་ལག་པུའུ་ཡི་ཀྲུའུ་རེན་ཝང་ཞའོ་ཁྲོན་གྱིས། ས་བབ་མཐོ་བ་དང་བརླན་གཤེར་ཆེ་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཕོག་ནས། དགུན་ཁར་དབུས་ལམ་རི་བོའི་གློག་འདྲེན་བགྲོད་ལམ་དུ་འཁྱགས་པ་ཐེབས་སྲིད་པས་དེས་གློག་འདྲེན་གློག་སྐུད་ཀྱི་ལྗིད་ཚད་ཆེ་རུ་ཕྱིན་ནས། ཐ་ན་གློག་སྐུད་དམ་ཡང་ན་གློག་ཤིང་དང་ལྕགས་སྒྲོམ་གྱི་འཐེན་ཤུགས་ཆེ་དྲགས་སྟབས་གློག་སྐུད་ཆད་པའམ་གས་སྲིད་པས་གློག་སྐུད་ཟགས་པའི་ལས་འཛོལ་ཐོན་གྱི་ཡོད། འཁྱགས་པ་ཐེབས་ཚུལ་ལ་ལྟ་ཞིབ་ཚད་འཇལ་དང་གློག་སྐུད་སྲུང་སྐྱོང་བྱེད་བདེ་བ་དང་གློག་དྲའི་བདེ་འཇགས་འགན་ལེན་བྱ་ཆེད། ལོ་རེའི་ཟླ་10པའི་ཟླ་མཇུག་ནས་སང་ལོའི་ཟླ་3པའི་བར་གྱི་འཁྱགས་པ་ཐེབས་དུས་སུ་དབུས་ལམ་རི་བོའི་འཁྱགས་བཤེར་ས་ཚིགས་དེ་ལྕགས་ཟམ་ཁའི་སྐྱེལ་འདྲེན་སྲུང་སྐྱོང་ཡན་ལག་པུའི་གློག་ཤུགས་ལས་བཟོའི“ཁྱིམ་གཉིས་པར”འགྱུར་གྱི་ཡོད་ཅེས་བཤད།

    འདི་ལོའི་ཟླ་1ཚེས་19ཉིན་ནས་བཟུང་། ཝང་ཞའོ་ཁྲོན་གྱིས་དཔུང་ཁག་དང་མཉམ་དུ་འཁྱགས་བཤེར་ས་ཚིགས་སུ་བཅའ་སྡོད་བྱས་ཤིང་། སྤྱིར་ན་ཉིན་རེར་འཁྱགས་པར་ཞིབ་བཤེར་ཐེངས་གསུམ་རེ་བྱས་ནས། འཁྱགས་པའི་མཐུག་ཚད་དེ་ཇུས་འགོད་གྲངས་ཐང་གི་10%ལ་སླེབས་སྐབས། ཆུ་ཚོད་རེར་འཁྱགས་བཤེར་ཐེངས་རེ་བྱེད་དགོས་ཀྱི་ཡོད། “གལ་ཏེ་གྲང་ངར་ཤིན་ཏུ་ཆེ་བ་དང་། འཁྱགས་པ་ཐེབས་ཚད་དེ་ཇུས་འགོད་གྲངས་ཐང་གི་30%ལ་སླེབས་པ་མ་ཟད། དེ་ལས་མཐོ་རུ་འགྲོ་བ་ཤེས་སྐབས་ང་ཚོས་ད་དུང་ཐད་རྒྱུག་འཁྱགས་བཞུར་སྒྲིག་ཆས་སྤྱད་དེ་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་གློག་སྐུད་ཚ་པོ་བཟོས་ནས་འཁྱགས་པ་བཞུར་དུ་འཇུག་གི་ཡོད”ཅེས་སྐྱེལ་འདྲེན་སྲུང་སྐྱོང་བ་ཕན་ཀྲུའུ་ཏུང་གིས་བཤད།

     “འུང་འུང་འུང”ཞེས་པའི་གཤོག་སྒྲོ་འཁོར་བའི་སྒྲ་དང་བཅས་མཐོང་རུང་འོད་དང་དམར་ཕྱིའི་ཚ་ནུས་ཀྱི་བརྙན་གྲུབ་ཡོ་ཆས་བླུགས་པའི་མི་མེད་གནམ་གྲུ་ཞིག་གློག་འདྲེན་ལྕགས་སྒྲོམ་གྱི་ཐོད་དུ་འཕུར་ནས་གློག་སྐུད་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས། “སྔོན་ཆད་མི་ཐབས་ཀྱི་སྐོར་བཤེར་བྱེད་སྐབས་ཉིན་རེར་ལྕགས་སྒྲོམ་1ནས་2བར་ལས་མ་གཏོགས་སྐོར་བཤེར་ཐུབ་ཀྱི་མེད། མི་མེད་གནམ་གྲུ་ཡོད་པ་ནས་ཆུ་ཚོད་རེར་ལྕགས་སྒྲོམ་3ནས་4བར་ལ་སྐོར་བཤེར་ཐུབ་ཀྱི་ཡོད”ཅེས་ཝང་ཞའོ་ཁྲོན་གྱིས་བཤད།

     ཝང་ཞའོ་ཁྲོན་གྱིས“དབུས་ལམ་རི་བོའི་གློག་འདྲེན་བགྲོད་ལམ་ནང་གློག་འདྲེན་སྐུད་ལམ་8ཚུད་པ་དེ་ནི་ཁྲོན་བོད་ཆུ་གློག་སྐྱེལ་འདྲེན་གྱི་བགྲོད་ལམ་གལ་ཆེན་ཞིག་ཡིན། གལ་ཏེ་སྐུད་ལམ་ལ་སྐྱོན་ཤོར་ཚེ་ཁྱིམ་ཚང་ཁྲི་300ཡི་གློག་སྤྱོད་པར་ཤུགས་རྐྱེན་ཐེབས་སྲིད”ཅེས་བཤད།