གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་06ཉིན། 10:25】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། 2025ལོའི་དཔྱིད་གསར་སྐྱེལ་འདྲེན་ལ་འགྱུར་ལྡོག་གསར་པ་མང་པོ་བྱུང་ཞིང་། དེའི་ནང་གྲོང་ཁྱེར་གྱི་མྱུར་བགྲོད་ལྕགས་ལམ་གྱི་འཁོར་རྒྱ་ཆེ་རུ་སོང་བ་དང་ཆབས་ཅིག སྔོན་ཆད་གྲོང་ཁྱེར་དང་ཐག་རིང་བའི་མཛེས་ལྗོངས་ཁུལ་ཁག་གཅིག་ལ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ཡོད་པ་རེད།
ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ་420ལྷག་ཙམ་ཆོད་པའི་འཛམ་གླིང་གི་རང་བྱུང་ཤུལ་བཞག་གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་ནི་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་བྱང་ཤར་གྱི་སྣེ་རུ་ཆགས་པ་དང་ས་བབ་མཐོ་ཚད་སྨི་3000ཙམ་ཟིན་གྱི་ཡོད། སྔོན་ཆད་འགྲིམ་འགྲུལ་སྟབས་བདེ་མེད་པས། དགུན་ཁར་ཡུལ་སྐོར་ལ་ཡོང་མཁན་ཧ་ལམ་མེད། ཁྲོན་མཚོ་ལྕགས་ལམ་གསེར་མཚོ་གཟི་ཚ་སྡེ་དགུའི་བབས་ཚུགས་བཙུགས་རྗེས། ཤུགས་འགྲེམས་མེ་འཁོར་དང་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་སྦྲེལ་མཐུད་བྱས་པས་ནུབ་རྒྱུད་འགྲིམ་འགྲུལ་ལྟེ་གནས་ཁྲེང་ཏུའུ་ནས་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་བར་ལམ་ཐག་ཆུ་ཚོད་3ཡས་མས་སུ་ཐུང་དུ་ཕྱིན་ཏེ། ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་དུ་ཡོང་བས། དགུན་ཁ་ཡུལ་སྐོར་བ་ཉུང་བའི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད།
སུའུ་ཀྲོའུ་ཡི་ཡུལ་སྐོར་བ་ལི་ཅིང་གིས་ཕྲུ་གུ་ཁྲིད་ནས་དགུན་དུས་ཀྱི་གཟི་ཚ་སྡེ་དགུའི་མཛེས་སྡུག་ལ་མྱོང་རོལ་བྱེད་པར་འོང་། དཔྱིད་གསར་དུས་ཆེན་གོང་ཁོང་གིས་གནམ་གྲུར་བསྡད་ནས་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་དུ་བབས་རྗེས་གནམ་གྲུ་སྒུག་ཁང་ནས་ཤུགས་འགྲེམས་མེ་འཁོར་བསྡད་དེ་གཟི་ཚ་སྡེ་དགུར་བསྐྱོད། “ད་ལྟ་སི་ཁྲོན་གྱི་མཛེས་ལྗོངས་ཁུལ་དེ་དག་ལ་འགྲོ་བར་ཧ་ཅང་སྟབས་བདེ་པོ་འདུག གནམ་གྲུ་ནས་བབས་མ་ཐག་ཤུགས་འགྲེམས་མེ་འཁོར་ལ་བསྡད་པ་ཡིན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་ནི་ང་ཚོ་ཕྱིར་ཡུལ་སྐོར་ལ་འགྲོ་བའི་དུས་ཚོད་ཡག་ཤོས་ཡིན། གཟི་ཚ་སྡེ་དགུ་ཕུད་ད་དུང་ཏ་ཀོས་འཁྱགས་རོམ་ཀླུང་དང་གླང་ཆེན་འགྱིང་རིར་འགྲོ་གི་ཡིན”ཞེས་བཤད།
ཀྲུང་གོ་ལྕགས་ལམ་ཁྲེང་ཏུའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་ཟླ་1ཚེས་26ཉིན་ནས་བཟུང་ཁྲེང་ཏུའུ་ནས་གསེར་མཚོ་གཟི་ཚ་སྡེ་དགུའི་བབས་ཚུགས་བར་གྱི་ཤུགས་འགྲེམས་མེ་འཁོར་ཉིན་རེར་ཆ་13མང་དུ་བཏང་ནས་སྐྱེལ་འདྲེན་བྱེད་ནུས་འགན་ལེན་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།
གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བཟུང་ཡུལ་སྐོར་བའི་མི་གྲངས་ན་ནིང་གི་དུས་མཚུངས་ལས་139.7%འཕར་བ་དང་། ཉིན་རེར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་8827ཟིན་པ། ལོ་གསར་གནམ་གང་ལ་སྔོན་དཔག་བྱས་ན་སྤ་སེ་8000ཡས་མས་བཙོངས་ཡོད་པ་རེད། སྔོན་དཔག་བྱས་ན་ལོ་གསར་ཚེས་གཉིས་ནས་ཚེས་ལྔ་བར་ཉིན་རེར་ཆ་སྙོམས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དགུན་དུས་ཀྱི་མང་ཤོས་མི་ཐེངས་ཁྲི་2.3ཟིན་ཡོད་པ་རེད།
“ཁྲེང་ཏུའི་མྱུར་བགྲོད་ལྕགས་ལམ་གྱི་འཁོར་རྒྱ་ཆེ་རུ་སོང་བས་གཟི་ཚ་སྡེ་དགུའི་ངོས་ནས་བརྗོད་ན་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། འགྲུལ་པ་དེ་བས་མང་བ་རྔ་པའི་མཛེས་ལྗོངས་ལ་ལྟ་བར་ཡོང་སྐབས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་དེ་དག་འཛུགས་སྐྲུན་བྱེད་མཁན་ཚོར་སེམས་ནང་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད”ཅེས་ལོ་འཁོར་མོ་ཁྲོན་མཚོ་ལྕགས་ལམ་གྱི་ལས་འགན་སྒྲུབ་མཁན་རྔ་པའི་བོད་རིགས་བུ་མོ་མེ་འཁོར་དཔོན་དབྱངས་ཅན་ཁྲུའུ་ཡིས་བཤད།