གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་07ཉིན། 13:25】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་2ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨེར་ཏ་ལི་དང་གྲོས་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཀྲ་ཨེར་ཏ་ལི་དང་ཕྱག་གཏོང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨེར་ཏ་ལི་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་གྲོགས་པོ་བློས་ཐུབ་དང་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླ་ཞིག་རེད། འགྱུར་མེད་བརྟག་བརྟན་གྱི་ཀྲུང་ཕའི་སྲོལ་རྒྱུན་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་བཏོད་པ་ཞིག་ཡིན་པ་དང་དེ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོས་ཕན་ཚུན་གྱི་ཆབ་སྲིད་ལ་རྒྱབ་སྐྱོར་བརྟན་པོ་བྱས་པ་དང་། མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རང་སོ་སོའི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་ཀྱིས་དུས་རབས་གསར་པའི་སྔར་བས་དམ་ཟབ་ཀྱི་ཀྲུང་ཕའི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་པོ་འཛུགས་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྔར་ལས་མང་བ་སྐྲུན་པ། ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་བར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་ཐོག་ནས་ཀྲུང་ཕའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། ཕ་ཁི་སི་ཐན་ལ་འཛིན་པའི་མཛའ་གྲོགས་སྲིད་ཇུས་དེ་ཚད་མཐོའི་བརྟན་ལྷིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཕ་ཁི་སི་ཐན་གྱི་མི་དམངས་ཡོངས་ལ་ཕྱོགས་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་དང་། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་ཐོག་བསྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་རིམ་པ་ཁག་དང་སྡེ་ཚན་ཁག་གི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཕའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཁྲོད་ནས་ཕ་ཁི་སི་ཐན་ལ་སྔོན་ལ་ཕན་པ་ཐོབ་པར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་མཉམ་ལས་ཀྱི“རིམ་སྤོར་པར་གཞི”ཐུན་མོང་ཐོག་བཏོད་དེ་ཕ་ཁི་སི་ཐན་ཕྱོགས་ཀྱིས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་འདོན་རྒྱུར་རོགས་རམ་བྱེད་འདོད་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་མི་སྣ་དང་། རྣམ་གྲངས། སྒྲིག་གཞི་བཅས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་གཉིས་དང་ཕྱོགས་མང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། སང་ལོ་ནི་ཀྲུང་ཕའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་པས། ཕྱོགས་གཉིས་པོས་རིག་གནས་དང་། སློབ་གསོ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཕའི་མཛའ་གྲོགས་མི་རབས་ནས་མི་རབས་བར་གཅིག་རྒྱུན་གཅིག་འཛིན་བྱེད་དགོས། ཕ་ཁི་སི་ཐན་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་སྦྲགས། འབྲེལ་ཡོད་མཉམ་ལས་ནང་ཞུགས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་གི་བྱེད་སྤྱོད་བཀག་འགོག་བྱེད་པ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱེད་འདོད་ཡོད།
ཀྲ་ཨེར་ཏ་ལིས་གསུངས་དོན། ཕ་ཁི་སི་ཐན་དང་ཀྲུང་གོ་ནི་མཛའ་གཅུགས་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། དུས་དང་རྣམ་པ་ཀུན་གྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་ཡག་པོ་ཞིག་ཀྱང་ཡིན། ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་གཅུགས་ལ་ཉམས་ཉེན་མང་པོ་འཕྲད་རུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་པ་ཐོག་མཐའ་བར་གསུམ་དུ་གཅིག་ཏུ་སྦྲེལ་ཡོད། དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཕ་ཁི་སི་ཐན་ཕྱོགས་ཀྱིས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཀྲུང་གོ་ཕྱོགས་དང་མཉམ་དུ་ལངས་ཀྱི་ཡིན། ཀྲུང་གོ་ཕྱོགས་ནས་ཕ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒེར་སེམས་མེད་པའི་རོགས་རམ་གནང་བར་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕ་ཁི་སི་ཐན་ལ་བཟོ་ལས་ཅན་དང་དེང་རབས་ཅན་མངོན་འགྱུར་ཡོང་བར་རོགས་རམ་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་མཛུབ་སྟོན་འོག་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་ཆེ་བ་བཏོན་ནས་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་ཉིན་བཞིན་འགྱུར་བཞིན་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་གཞོགས་འདེགས་དམ་ཟབ་བྱས་ནས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་རང་མོས་ཚོང་དོན་ལ་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་གཉིས་པོ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྐུལ་འདེད་གཏོང་འདོད་ཡོད།
གྲོས་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་དང་། ཚོང་དོན། ཚན་རྩལ། རླུང་འཕྲིན་བརྙན་འཕྲིན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་ལྷན་དུ་དཔང་པོ་གནང་བ་རེད།