འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་11ཉིན།

༄༅།།ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་07ཉིན། 13:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཟླ་2ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་གྲོས་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཀྲ་ཕཱ་ལུའོ་ཧྥུའུ་དང་སྐུ་ཟླ་ཀྲ་ཕཱ་ལུའོ་ཝ་དང་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།

ཟླ་2ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་གྲོས་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཀྲ་ཕཱ་ལུའོ་ཧྥུའུ་དང་སྐུ་ཟླ་ཀྲ་ཕཱ་ལུའོ་ཝ་དང་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁེར་གྷི་སི་ཐན་རི་ཆུ་འབྲེལ་ཞིང་དམངས་སེམས་གཅིག་མཐུན་ཡིན་ལ། ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་ཁེར་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་མཐོ་ཚད་གསར་པར་སླེབས་ཡོད། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་བརྟན་དུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ནས་གཏམ་བཟང་ཡང་ཡང་གྲགས་ཏེ་ཀྲུང་ཁེར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་ཉིན་རེ་བཞིན་བརྟན་དུ་ཕྱིན་ཡོད། ཀྲུང་གོས་ཁེར་གྷི་སི་ཐན་གྱིས་རང་གི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཁེར་གྷི་སི་ཐན་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། ཕྱོགས་མང་གི་གཉིས་ཁེ་མཉམ་ལས་ལ་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱས་ནས། ཀྲུང་ཁེར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དེ་བས་ལེགས་པའི་སྒོ་ནས་དོན་འཁྱོལ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་མུ་མཐུད་བསམ་ཕྱོགས་གསར་འབྱེད་དང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཙོ་རྐང་དུ་བྱས་ནས་གཉིས་ཁེ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་དཔལ་འབྱོར་ཚོང་དོན་དང་མ་འཇོག་མཉམ་ལས་རྒྱུན་མཐུད་རྒྱ་ཆེར་གཏོང་བ་དང་། ཁེར་གྷི་སི་ཐན་གྱི་སྤུས་ལེགས་ཚོང་ཟོག་དེ་བས་མང་བ་ནང་འདྲེན་བྱེད་པ། ཀྲུང་གོའི་མ་འཇོག་ཁེ་ལས་དེ་བས་མང་བ་ཁེར་གྷི་སི་ཐན་དུ་མ་འཇོག་ལས་དར་བྱེད་པར་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན་ལ། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་མ་འཇོག་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱ་རྒྱུའི་རེ་བའང་ཡོད། ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ཚད་གཞི་དང་སྤུས་ཚད་མཐོ་བའི་ཀྲུང་ཁེར་ཨུའི་ལྕགས་ལམ་ཡག་པོ་སྐྲུན་པ། ད་ཡོད་འགག་སྒོ་དེང་རབས་ཅན་གྱི་སྒྱུར་བཀོད་ལ་མཉམ་དུ་སྐུལ་འདེད་གཏོང་བ། འགྲུལ་ཟོག་དབོར་འདྲེན་གྱི་དུས་གཏན་གནམ་གྲུ་དེ་བས་མང་དུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་དང་ཟོག་འགྲེམས་འཁོར་རྒྱུག་ལ་སྟབས་བདེ་དེ་བས་མང་བ་སྐྲུན་དགོས། ཁོངས་བརྒལ་གློག་རྡུལ་ཚོང་དོན་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་སོགས་ཐོན་སྐྱེད་ནུས་ཤུགས་གསར་མའི་མཉམ་ལས་རྒྱ་ཆེར་བཏང་ནས་འཕར་ཚད་གསར་པ་གཏོད་དགོས། ཕྱོགས་གཉིས་པོས་ཀྲུང་གོའི་རིག་གནས་ལྟེ་གནས་དང་། ལུའུ་པན་བཟོ་ཁང་། ཁུང་ཙི་སློབ་གླིང་སོགས་ཀྱི་སྒྲིག་གཞི་གཉེར་སྐྱོང་ཡག་པོ་དང་ས་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཁེར་གྱི་མཛའ་གྲོགས་ནང་ཞུགས་པའི་སྟོབས་ཤུགས་དེ་བས་མང་བ་སྐྱེད་སྲིང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ་ཀྲུང་གོ-ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱ་སྟོབས་ཆེ་རུ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལག་བསྟར་བྱས་ནས་མཉམ་དུ་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།

    ཀྲ་ཕཱ་ལུའོ་ཧྥུའུ་ཡིས་གསུངས་དོན། ལོ་གསར་པ་ཤར་མ་ཐག་ཀྲུང་གོར་འཚམས་འདྲི་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུ་རྒྱུ་དང་ཀྲུང་གོས་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོར་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་ལམ་ཐོག་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ། དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པ་དང་ཆབས་ཅིག་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ་འཛམ་གླིང་ལ་མིག་དཔེ་བསྟན་པས། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་ཡོད། ཁེར་ཀྲུང་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཉེ་བའི་ལོ་ཤས་རིང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་། ཀྲུང་གོ་ནི་ཁེར་གྷི་སི་ཐན་ཕྱོགས་ཀྱི་གྲོགས་པོ་བློས་ཐུབ་དང་རོགས་ཟླ་ཡག་པོ་ཡིན་པ་དང་སྡེ་ཚན་ཁག་དང་ས་གནས་ཁག་གིས་མཉམ་ལས་དམ་ཟབ་བྱས་ཡོད་ལ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱང་ཐོབ་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཐའེ་དབན་དང་། ཤིན་ཅང་། ཤང་ཀང་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མུ་མཐུད་བྱ་རྒྱུ་ཡིན། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཁེར་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཀྲུང་ཁེར་ཨུ་གསུམ་གྱི་ལྕགས་ལམ་གྱི“ངར་ལྕགས་དར་གོས་ལམ་བུ”ཡག་པོ་སྐྲུན་པ་བཅས་བྱས་ནས་ཐོན་ལས་དང་། མ་འཇོག ཚོང་དོན། འགྲིམ་འགྲུལ། གློག་རྡུལ་ཚོང་དོན། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ཀྱི་མདུན་དུ་ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱེད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ལ་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་ཧུར་ཐག་བཅས་བྱས་ཏེ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།

    གྲོས་མོལ་གནང་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་ལྷན་དུ་མཚན་རྟགས་བཀོད་པ་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དང་དེ་བཞིན་ཕྱི་འབྲེལ་དང་། དཔལ་འབྱོར་ཚོང་དོན། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་དཔང་པོ་ཡང་གནང་བ་རེད།