འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་11ཉིན།

༄༅།།ཡུན་ནན་བདེ་ཆེན་གྱིས་སྐྱེ་ཁམས་ཀྱི་དམར་ཐིག་དང་བདེ་འཇགས་ཀྱི་མཐའ་ཚད་བསྲུངས་ནས་ཡུལ་སྐོར་ལས་རིགས་གོ་རིམ་ལྡན་པར་འཕེལ་རྒྱས་ཚད་ལྡན་གཏོང་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། དབྱང་ཝུན་མིང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་07ཉིན། 13:31】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    དགུན་དུས་ཀྱི་སེམས་ཀྱི་ཉི་ཟླར་འཁྲུག་ཆ་ཧ་ཅང་དོད་ཅིང་། 2023ལོར་ཤར་གཏོང་གཉེར་སྐྱོང་བྱས་པའི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་བརྒྱུད་ཡུལ་སྐོར་བ་འབོར་ཆེན་ཡོང་བ་དང་། གླེགས་བམ་གྲོང་དང་། སྟག་མཆོངས་འགག ཧ་པ་གངས་རི་བཅས་ཀྱི་བྱེས་བགྲོད་རི་འཛེག་ལམ་ཐིག་ལས་བདེ་ཆེན་དེ་ཉིད་སྐད་གྲགས་ཆོད་ཡོད།

    བྱེས་བགྲོད་ལམ་ཐིག་གཅིག་ལས་གྲོང་ཚོ་གཅིག་སྐད་གྲགས་ཆོད། ལོ་འདི་དག་ནང་སེམས་ཀྱི་ཉི་ཟླ་དང་། ཁ་བ་དཀར་པོ། གཙང་གསུམ་མཉམ་རྒྱུག ཇ་རྟའི་གནའ་ལམ་བཅས་ཀྱིས་བྱེས་བགྲོད་ལམ་ཐིག་གསར་སྤེལ་དང་ཕྱི་རོལ་ལུས་རྩལ་འཕེལ་རྒྱས་བཏང་སྟེ་ལམ་རྒྱུད་ཀྱི་གྲོང་མིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་པ་དང་། སྟག་མཆོང་འགག་གི་ལམ་དུ་གསར་དུ་གཉེར་བའི་དམངས་སྲོལ་གནས་ཚང་དང་ཟ་ཁང་20ལྷག་ཙམ་གྱིས་ལོ་ལྟར་འགྲུལ་རྒྱུན་ཁྲི་5ཙམ་གྱི་ཡིད་དབང་བཀུག་ནས་ས་གནས་དེ་གར་ཡོང་འབབ་སྒོར་ཁྲི་5000ལྷག་ཙམ་བྱུང་བ། མྱིག་ཟུར་གྲོང་ཚོའི་བྱེས་བགྲོད་ལས་གནས་ཚང་20ལྷག་ཙམ་ཐོན་ཏེ་གྲོང་མི་ཕྱེད་ཀ་ལྷག་ཙམ་འབྲེལ་ཡོད་ཞབས་ཞུའི་ཐོན་ལས་ལ་ཞུགས་ཡོད།

    ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་བྱེས་བགྲོད་ལམ་ཐིག་མང་ཆེ་བ་དེ་སྔ་རྟ་ཟམ་ཡིན་པ་དང་། ལོ་དེ་དག་རིང་བྱེས་བགྲོད་ལ་དགའ་པོ་ཡོད་མཁན་ཚོའི་དཔེ་མཚོན་གྱི་ལམ་ཐིག་ཏུ་གྱུར་ཡོད་པ་རེད། ཡུལ་སྐོར་བ་འབོར་ཆེན་ཡོང་བ་དང་ཆབས་ཅིག་ཁོར་ཡུག་གི་གནོན་ཤུགས་ཀྱང་ཆེ་རུ་ཕྱིན་པ་སྟེ། ལམ་ཐིག་དེ་ཉིད་སྲུང་སྐྱོང་ཁུལ་དུ་ཆགས་ཡོད་མེད་དང་། བྱེས་བགྲོད་ཡུལ་སྐོར་ལས་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཡོད་མེད། ཡུལ་སྐོར་བའི་མི་ལུས་བདེ་འཇགས་ལ་འགན་སྲུང་ཡོད་མེད་བཅས་རེད།

    ཡུལ་སྐོར་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོང་ལ་སྤྱི་འདོམས་ཇི་ལྟར་བྱ་རྒྱུ་དེ་ས་གནས་དེ་གར་མཚོན་ན་ཚོད་བགམ་གསར་རྐྱང་ཞིག་རེད། “བདེ་ཆེན་ཀྲོའུ་ཡིས་ཀྲོའུ་ནང་ཁུལ་གྱི་བྱེས་བགྲོད་ལམ་ཐིག་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ་རིགས་དབྱེ་ཐག་གཅོད་དང་ཚད་ལྡན་གོ་རིམ་ལྡན་པའི་ངང་བྱེས་བགྲོད་ཡུལ་སྐོར་འཕེལ་རྒྱས་གཏོང་བཞིན་ཡོད”ཅེས་བདེ་ཆེན་ཀྲོའུ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཀྲང་ཁའེ་ཞོན་གྱིས་བཤད།

    “བྱེས་བགྲོད་ཡུལ་སྐོར་འཕེལ་རྒྱས་གཏོང་བ་བརྒྱུད་གྲོང་གསེབ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། གྲོང་གསེབ་ཀྱི་ཤེས་ལྡན་པ་གསོ་སྐྱོང་། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་བཅས་ལ་སྐུལ་འདེད་ཐུབ་ནས་ཕྱི་རོལ་གྱི་བྱེས་བགྲོད་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་འཁོར་རྒྱུག་བཟང་པོ་ཐུབ་རྒྱུ་རེད”ཅེས་བདེ་ཆེན་ཀྲོའུ་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ཧུང་ཁུན་གྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་བདེ་ཆེན་ཀྲོའུ་ཡིས་སྦགས་ཤུལ་གང་ཡང་མེད་པའི་ཕྱི་རོལ་གྱི་ཡུལ་སྐོར་ཁྱབ་གདལ་ཤུགས་ཆེན་བཏང་ནས་བྱེས་བགྲོད་ལ་དགའ་པོ་ཡོད་མཁན་ཚོར་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལས་མི་བརྒལ་བ་དང་རང་བྱུང་ཁམས་ལ་གཏོར་སྐྱོན་མི་གཏོང་བའི་ཁྲིད་སྟོན་གྱིས་ཡུལ་སྐོར་བའི་མི་ལུས་བདེ་འཇགས་ལ་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད།

    ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་མཐའ་འཁོར་གྱི་གྲོང་ཚོས་སྔ་ས་ནས་བྱེས་བགྲོད་ཡུལ་སྐོར་ཚད་ལྡན་འཕེལ་རྒྱས་གཏོང་འགོ་བཙུགས་ཡོད། ལོ་10ལྷག་ཙམ་གྱི་གོང་ཡུལ་སྐོར་བ་རིམ་བཞིན་མང་དུ་ཕྱིན་པ་དང་ཆབས་ཅིག་གྲོང་མིས་འབྲེལ་ཡོད་ཞབས་ཞུའི་ལས་དོན་ནང་གཅིག་རྗེས་གཉིས་མཐུད་ངང་ཞུགས་ཏེ་གོང་དམའི་འགྲན་རྩོད་བྱས་པས་མཐར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་མ་ཐུབ་པ་མ་ཟད། ཁོར་ཡུག་ལའང་གཏོར་སྐྱོན་ཕོག་ཡོད། དེའི་ཐད་བདེ་ཆེན་ཀྲོའུ་ཡིས་གསར་སྤེལ་གྱི་འཆར་འགོད་བཟོ་འགོ་བཙུགས་ནས་རྒྱལ་ཁབ་སྤྱི་གླིང་བསྐྲུན་ཏེ་ས་ཁོངས་ཕལ་ཆེ་བ་སྲུང་སྐྱོང་ཁུལ་དང་ལྟེ་བའི་ཁུལ་དུ་བརྩིས་པ་དང་ཆ་ཤས་ཤིག་ལུགས་མཐུན་བེད་སྤྱོད་བྱས་རྗེས་ཡུལ་སྐོར་བར་སྒོ་ཕྱེ་ཡོད། སྤྱི་གླིང་གིས་ཡུལ་སྐོར་ཀུང་སི་བཙུགས་ནས་ཞབས་ཞུར་གཅིག་གྱུར་དོ་དམ་བྱས་ཏེ་གོང་དམའི་འགྲན་རྩོད་བཀག་འགོག་བྱས་པ་མ་ཟད། ཉེན་ཁ་འགོག་པའི་ནུས་པའང་ཆེ་རུ་ཕྱིན་པ་དང་ཆབས་ཅིག་སྡེ་ཁུལ་གྱི་ཕན་གསབ་ལམ་སྲོལ་ཡང་བཙུགས་ནས་ས་གནས་དེ་གའི་ལས་བཟོ་སྔོན་ལ་བསྡུས་ཏེ་གྲོང་མིར་དངུལ་སྨར་བགོ་འགྲེམས་བརྒྱབ་ཡོད།

    “བྱེས་བགྲོད་ཡུལ་སྐོར་ཚད་ལྡན་འཕེལ་རྒྱས་བྱུང་བ་དེ་གཉེར་སྐྱོང་བྱེད་པོ་ཧུར་ཐག་ཞུགས་པ་དང་ཁ་འབྲལ་ཐབས་མེད། ཁེ་ལས་འདྲེན་པ་ཡིན་ནའང་འདྲ། ཡང་ན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་གང་ཞིག་ཡིན་རུང་། གཉེར་སྐྱོང་བྱེད་པོ་ཡོད་ན་གཞི་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཏེ། ཡུལ་སྐོར་གྱི་ལས་རྣམ་ཕུན་སུམ་ཚོགས་སུ་དང་། བདེ་འཇགས་འགན་སྲུང་གི་ཆུ་ཚད་མཐོ་རུ། ཡུལ་སྐོར་བའི་ཉམས་ལེན་ལེགས་སུ་བཅས་ཕྱིན་ནས་མཐའ་འཁོར་གྱི་མང་ཚོགས་དང་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་འཛུགས་ཐུབ”ཅེས་བདེ་ཆེན་ཀྲོའུ་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཀའོ་ཞང་གིས་བཤད་པ་དང་། ཁོང་གིས་ས་གནས་དེ་གས་སྐྱེ་ཁམས་དང་། ཁྲོམ་ར། དོ་དམ་བཅས་ཕྱོགས་གསུམ་ལ་དམིགས་ཏེ་སྡེ་ཚན་གྱི་འགན་འཁྲི་དང་། གཏོགས་ཁོངས་ཀྱི་དོ་དམ། ཁྲོམ་རར་སྐུལ་འདེད་སོགས་རིམ་ངོས་མང་པོའི་ཐོག་ནས་བྱེས་བགྲོད་ཡུལ་སྐོར་སྒྲིག་མེད་ངང་འཕེལ་རྒྱས་འགྲོ་བའི་གནད་དོན་བསལ་ཏེ་བྱེས་བགྲོད་ཀྱི་རིག་གནས་ཡུལ་སྐོར་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཀར་དོ་དམ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།