འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་11ཉིན།

༄༅།།ཀྲུང་དབྱང་རིམ་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་08ཉིན། 10:48】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་རིམ་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་ཚོགས་འདུ་ཟླ་2ཚེས་5ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ། ཕྱི་ཚུལ་རིང་ལུགས་མུ་མཐུད་བཅོས་སྒྲིག་གཏིང་ཟབ་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱས་ཏེ། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱོད་ཚུལ་བཟང་པོར་བརྟེན་ནས་སྤུས་ཚད་མཐོ་པོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག》ལག་བསྟར་ནན་པོ་བྱ་རྒྱུར་དམ་པོར་དམིགས་པ་དང་། གཙོ་གནད་ལས་འགན་ལ་དམིགས་ཏེ་རྩ་ལག་ཟུང་བཅོས་དང་ཕྱོགས་བསྡུས་ཇུས་བསྟར་གཏིང་ཟབ་ཏུ་བཏང་སྟེ་བཅོས་སྒྲིག་ལས་དོན་གྱི་ཕན་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། མངོན་གསལ་དོད་པའི་གནད་དོན་ལ་དམ་འཛིན་མཐར་ཕྱིན་བྱ་རྒྱུར་དམིགས་ཏེ་གཞི་རིམ་གྱི“དཀའ་གནད”དེ་བཅོས་སྒྲིག་གི“གཙོ་གནད”དུ་བརྩིས་ནས་ཡིག་ཆ་དང་ཚོགས་འདུ་མུ་མཐུད་ཁུ་བསྡུ་དང་། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་སྤྱི་འདོམས་ཚད་ལྡན་དུ་གཏོང་བ། “མཛུབ་རྩེའི་སྟེང་གི་ཕྱི་ཚུལ་རིང་ལུགས”བཅོས་སྒྲིག་བཅས་བྱས་ཏེ། འཛུགས་གཏོད་དཔེ་སྟོན་དང་དུས་ཆེན་རྟེན་འབྲེལ་དང་འགྲེམས་ཚོགས་གླེང་སྟེགས་ཀྱི་བྱེད་སྒོ་ཚད་ལྡན་དུ་གཏོང་དགོས། “བྱས་རྗེས་ལས་གཞི”དང་།“རྟགས་མཚོན་ལས་གྲྭ”“ངོ་སོའི་འདུ་འགོད”བཅས་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་ཚུལ་མིན་སྤྱོད་ཚུལ་རྒྱུན་མཐུད་བཅོས་སྒྲིག་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང《གཏན་འབེབས་འགའ་ཞིག》ལས་འགལ་བའི་དཔེ་མཚོན་གནད་དོན་ལ་དམིགས་ཏེ་ཞིབ་བཤེར་དང་བརྡ་ཁྱབ་གཏོང་ཤུགས་ཆེ་རུ་གཏོང་དགོས། དག་ཐེར་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། རྗེས་སྙེག་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མ་ལག་དག་ཐེར་དང་འབྱུང་རྩ་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དག་ཐེར་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ལམ་ལུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་ཕན་པའི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་ལས་བྱེད་པ་གཡར་འཐེན་ལས་དོན་ལ་དོ་དམ་ནན་པོ་དང་ཚོད་འཛིན་ནན་པོ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་འཁྲི་ལག་བསྟར་བྱེད་པའི་དོན་ཚན་གྱི་གསལ་ཐོ་ཕྱོགས་ཡོངས་ནས་འཛུགས་དགོས། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ་བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྤྱོད་ཚུལ་གྱི་བླང་བྱ་ཁག་རྒྱུན་གཏན་གྱི་གཏམ་སྤྱོད་ཚད་གཞིར་འགྱུར་བར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། བྱེད་པོ་ཁ་གསལ་དང་། བླང་བྱ་ཁ་གསལ། རིམ་པ་བཞིན་འགན་ཁུར་བ་བཅས་ཀྱི་འགན་འཁྲིའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་སྲ་བརྟན་དུ་གཏོང་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་མདུན་དུ་བསྐྱོད་ནས་དཔེ་སྟོན་བྱས་ཏེ་ཁོངས་གཏོགས་དེ་གའི་ཁྱབ་ཁོངས་ཀྱི་གནད་དོན་ཕྱོགས་ཡོངས་ནས་ཞིབ་བཤེར་གཏིང་ཟབ་བྱས་ཏེ་གཙོ་གནད་ལས་འགན་དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་བཟོ་དགོས། ས་གནས་རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་ལག་བསྟར་ཡག་པོ་བྱས་ཏེ་དངོས་སྒྲུབ་ནུས་ལྡན་གྱི་བྱེད་ཐབས་དངོས་དེ་བས་མང་བ་འདོན་དགོས། ཆེད་དོན་ལས་ཀའི་ལམ་སྲོལ་གྱི་ནུས་པ་སྔར་བས་ལེགས་པར་བཏོན་ནས་ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་མཉམ་ཤུགས་ཆེ་རུ་གཏོང་དགོས།