གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་08ཉིན། 10:50】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ནི་ཟླ་2ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཐེ་ལན་གྱི་ཙུང་ལི་ཕེ་ཐུང་ཐན་དང་མཇལ་འཛོམས་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཐེ་ལན་གྱི་ཙུང་ལི་ཕེ་ཐུང་ཐན་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐེ་ལན་གྱི་མཛའ་གྲོགས་ལོ་ངོ་སྟོང་ཕྲག་མང་པོ་བརྒྱུད་པ་དང“ཀྲུང་གོ་དང་ཐེ་ལན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ཙམ་སོང་ཚུན། རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ལྷག་བསམ་ཟོལ་མེད་ཀྱིས་ཕན་ཚུན་ཡིད་ཆེས་བྱེད་པ། ཕན་ཚུན་ལྟ་སྐྱོང་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་ཕ་རོལ་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བརྟན་པོ་བྱས་ཡོད། ད་ལོ་ནི་ཀྲུང་གོ་དང་ཐེ་ལན་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་དང“ཀྲུང་གོ་དང་ཐེ་ལན་གྱི་མཛའ་གྲོགས་ཀྱི་རྫོགས་ལྡན་ལོ་50”ཡིན་པས། ཕྱོགས་གཉིས་པོས་སྔ་འཛིན་ཕྱི་གཏོད་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་ཀྲུང་གོ་དང་ཐེ་ལན་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་པ་དང་། ས་ཁུལ་དང་འཛམ་གླིང་ལ་ཕན་པ་སྔར་བས་མང་བ་འདོགས་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མདུན་དུ་ཀྲུང་གོ་དང་ཐེ་ལན་ཕྱོགས་གཉིས་ཀྱིས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། ཀྲུང་གོ་དང་ཐེ་ལན་གྱི་འབྲེལ་བའི་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཁོར་ཡུག་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་དགོས། ཀྲུང་གོས་ཐེ་ལན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པ་དང་། གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། ཀྲུང་གོ་དང་ཐེ་ལན་གྱི་ལྕགས་ལམ་སོགས་རྣམ་གྲངས་གཙོ་བོ་ལག་བསྟར་ཡག་པོ་བྱས་ཏེ་ཀྲུང་གོ་དང་། ལོ་སི། ཐེ་ལན་བཅས་སྦྲེལ་མཐུད་འཕེལ་རྒྱས་ཀྱི་བསམ་བཀོད་ལ་སྔ་ཙམ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། གྲངས་འཛིན་དཔལ་འབྱོར་དང་ནུས་རྒྱུ་གསར་པའི་རླངས་འཁོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ལག་གདང་སྦྲེལ་ཏེ་དེ་བས་བརྟན་ལྷིང་དང་ཤར་བགྲོད་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གཏོད་འདོད་ཡོད། ཀྲུང་གོས་ཐེ་ལན་ཕྱོགས་ཀྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་དྲ་ཐོག་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་བཏང་བར་བསྔགས་བརྗོད་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཁྲིམས་སྒྱུར་བདེ་འཇགས་དང་ཁྲིམས་འཛིན་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ས་ཁུལ་དང་རྒྱལ་ཁབ་ཀྱི་འགྲོ་འོང་མཉམ་ལས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཟབ་ཏུ་གཏོང་བ་དང་། ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པོ་མཉམ་དུ་གཉེར་བ། མི་སེམས་དྲོ་བ་དང་དམངས་འཚོར་ཕན་པའི་འདུ་འགོད་དེ་བས་མང་བ་སྐྲུན་པ་བཅས་བྱས་ཏེ། ཀྲུང་གོ་དང་ཐེ་ལན་གྱི་མཛའ་གྲོགས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་གྱིས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཐུན་མོང་ཀྲུའུ་ཞིའི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཐེ་ལན་འབོ་གསེར་གྱི་རོགས་ཟླའི་རྒྱལ་ཁབ་ཏུ་གྱུར་པར་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། ཐེ་ལན་ཕྱོགས་དང་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བརྟན་པོ་བྱས་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པ། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད།
ཕེ་ཐུང་ཐན་གྱིས་གསུངས་དོན། “ཐེ་ལན་དང་ཀྲུང་གོའི་མཛའ་གྲོགས་ཀྱི་རྫོགས་ལྡན་ལོ་50”འཁོར་བའི་མཚམས་སུ་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ལོ་50ཡི་རིང་ཐེ་ལན་དང་ཀྲུང་གོའི་འབྲེལ་བར་དཀའ་ཚེགས་འཕྲད་མྱོང་ཡང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལྟ་སྐྱོང་དང་ཐུན་མོང་འཕེལ་རྒྱས་བཏང་བ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱས་ཏེ། དམིགས་བསལ་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་བཙུགས་ཡོད། ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་འབྲེལ་གཏུག དཔལ་འབྱོར་ཚོང་དོན། ཞིང་ལས་སོགས་ཁྱབ་ཁོངས་སུ་མཉམ་ལས་དམ་ཟབ་བྱེད་པ། མི་ཆོས་རིག་གནས་སྤེལ་རེས་དང་དམངས་སེམས་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞི་བདེ་མཉམ་སྤྱོད་དང་ཐུན་མོང་དར་རྒྱས་ཀྱི་ལོ་50རྗེས་མའི་འགོ་བརྩམས་ནས་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱིམ་མཚེས་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཁྲིམས་སྒྱུར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བློ་བརྟན་འགྱུར་མེད་ངང་བྱ་ཐབས་ནུས་ལྡན་སྤྱད་དེ། དྲ་ཐོག་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་སོགས་རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་གཏོང་འདོད་ཡོད། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་ཐོག་མཐའ་བར་གསུམ་དུ་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་ནུས་པ་བཏོན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད།
ཝང་དབྱི་མཇལ་འཛོམས་ལ་ལྷན་དུ་ཞུགས་ཡོད་པ་རེད།