གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་08ཉིན། 10:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་2ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་པུ་རུ་ནེའི་སུའུ་ཏན་ཧ་སང་ནར་དང་གྲོས་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཧ་སང་ནར་དང་ཕྱག་གཏོང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་པུ་རུ་ནེའི་སུའུ་ཏན་ཧ་སང་ནར་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་པུ་རུ་ནེའི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་30ལྷག་ཙམ་སོང་རིང་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཧུར་ཐག་བྱས་པས། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་ཡག་པོ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཆེ་ཆུང་དབར་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་བཏོད་ཡོད་ལ། ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཀྲུང་གོ་དང་པུ་རུ་ནེ་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་དེ་དུས་རབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་ལ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད། ཕྱོགས་གཉིས་པོས་བབ་བསྟུན་འཕྲལ་སྒྲུབ་ཀྱིས་གཉིས་ཕན་མཉམ་ལས་དང་འཐབ་ཇུས་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་བརྩི་འཇོག ལྷག་བསམ་ཟོལ་མེད་དང་ཕན་ཚུན་ཡིད་ཆེས་བཅས་བྱས་ཏེ། ནམ་ཡང་མཚོ་ཁ་གཡས་གཡོན་ནས་ཕར་ཚུར་ལྟ་བའི་ཁྱིམ་མཚེས་བཟང་པོ་དང་། ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ། ཐུན་མོང་འཕེལ་རྒྱས་གཏོང་བའི་རོགས་ཟླ་བཟང་པོ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་པུ་རུ་ནེ་ཕྱོགས་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་བསྐྲུན་འདོད་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་པུ་རུ་ནེའི“2035ལོའི་ཕུགས་འདུན་ཆེན་པོའི”འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཀོང་ཤིས་དང་པུ་རུ་ནེའི་དཔལ་འབྱོར་བར་ཁྱམས་དང་ཧེང་དབྱི་རྡོ་སྣུམ་རྫས་འགྱུར་གྱི་རྣམ་གྲངས་གཙོ་བོ་གཉིས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཤར་རྒྱུད་འཕར་སྣོན་ཁུལ་དང“སྐམ་མཚོའི་བགྲོད་ལམ་གསར་པའི”ལྟེ་གནས་གཉིས་སྐྲུན་དགོས། ཀྲུང་གོས་ཁེ་ལས་དེ་བས་མང་བ་པུ་རུ་ནེ་རུ་མ་འཇོག་ལས་དར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། པུ་རུ་ནེ་ཡིས་གྲངས་འཛིན་དཔལ་འབྱོར་དང་། མི་ཐབས་རིག་ནུས། ནུས་རྒྱུ་གསར་པའི་ཐོན་ལས་བཅས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཐོག་པུ་རུ་ནེ་ཕྱོགས་ཀྱི་དཔལ་འབྱོར་སྣ་མང་ཅན་དུ་འགྱུར་བར་རོགས་རམ་བྱེད་འདོད་ཡོད་ལ། ཀྲུང་གོས་རྒྱལ་ཁབ་གཉིས་པོས་རྒྱུད་འདྲེས་ཆུ་འབྲས་ཞིབ་འཇུག་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ་དང་པུ་རུ་ནེ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དངོས་མང་སྟོན་ཚོགས་སོགས་ཀྱི་ལས་སྟེགས་ཡག་པོ་སྤྱད་དེ་ཀྲུང་གོར་སྤུས་ལེགས་ཞིང་ལས་དང་ཉ་ལས་ཐོན་རྫས་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བར་དགའ་བསུ་ཡང་ཞུ་གི་ཡིན། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། སློབ་གསོ་དང་། རིག་གནས། ཡུལ་སྐོར། ས་གནས། ལུས་རྩལ་བཅས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།
ཧ་སང་ནར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་མི་དམངས་ལ་ཤིང་སྦྲུལ་ལོའི་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་ཤིང་། ཁོང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོས་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་འབོར་དུང་ཕྱུར་མང་པོ་དབུལ་སྒྲོལ་ཐུབ་པ་དེ་ནི་ཧང་སངས་དགོས་པའི་གྲུབ་འབྲས་ཤིག་རེད། ཀྲུང་གོས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་བཏོན་ནས་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཆེད་འགག་རྩའི་ནུས་པ་བཏོན་ཏེ་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཁུར་སེམས་མངོན་པར་བྱས་ཡོད། པུ་རུ་ནེ་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ཏེ་ལག་གདང་སྦྲེལ་ནས་ནེ་ཀྲུང་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་པུ་རུ་ནེའི་དཔལ་འབྱོར་སྣ་མང་ཅན་གྱི་འཐབ་ཇུས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལས་པུ་རུ་ནེའི་མི་དམངས་ལ་ཕན་པ་ཐོབ་ཡོད། པུ་རུ་ནེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་དུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་བསྐྲུན་འདོད་ཡོད། པུ་རུ་ནེས་ཀྲུང་གོ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་དོན་དང་། ཞིང་ལས། ཉ་ལས། ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད། མིག་སྔར། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྙོག་འཛིང་ཆེ་བའི་དུས་བབ་དང་འགྲན་སློང་གསར་པ་འཕྲད་ཡོད་པས་པུ་རུ་ནེས་ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད།
ཕྱོགས་གཉིས་པོས《འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་ནེ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པུ་རུ་ནེ་ཏ་ལུའུ་ས་ལན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།