ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཕུང་། ཀྲང་ཀྲི་མིན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་10ཉིན། 10:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཟིན་པའི་ཝུའུ་ཧྲའོ་ལིང་དུ་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་མཁན་འགྲིམ་འགྲུལ་ཉེན་རྟོག་པས་འགྲོ་འོང་བྱེད་མཁན་རླངས་འཁོར་ཤར་བགྲོད་ཐུབ་རྒྱུར་འགན་སྲུང་བྱེད་བཞིན་ཡོད། དུས་རབས་20པའི་ལོ་རབས་80པ་ནས་བཟུང་། མི་རབས་ནས་མི་རབས་བར་གྱི་འགྲིམ་འགྲུལ་ཉེན་རྟོག་པས་གནས་འདི་གར་ལོ་30ལྷག་ཙམ་རིང་འཁང་ར་སྤུ་ཙམ་མེད་པར་ལེགས་སྐྱེས་ཕུལ་ཡོད།
ཨུ་ཧྲའོ་ལིང་ནི་རྨ་ནུབ་དོག་ལམ་གྱི་ཤར་སྣེར་གནས་པ་དང་། བྱང་ཐེང་ཀེ་ལི་བྱེ་ཐང་དང་འབྲེལ་ཞིང་ལྷོ་མདོ་ལ་རིང་མོ་དང་འབྲེལ་ཡོད། དེ་ནི་ཤར་ནུབ་ཀྱི་འགྲིམ་འགྲུལ་སྦྲེལ་མཐུད་དང་རྨ་ནུབ་དོག་ལམ་དུ་འགྲོ་འོང་བྱེད་སའི་འགག་མདོར་གནས་ཡོད།
ཨུ་ཧྲའོ་ལིང་གི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྒྲིག་ལམ་སྲུང་མཁན་ནི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ཨུ་ཧྲའོ་ལིང་རུ་འབྲིང་རེད། རུ་འབྲིང་དུ་ཁྱོན་འགྲིམ་འགྲུལ་ཉེན་རྟོག་པ་3ཡོད་ཅིང་། ཁོ་ཚོས་ཤང་དང་གྲོང་རྡལ་5དང་ལམ་ཐག་སྤྱི་ལེ་149ཡི་རིགས་ཁག་གི་འགྲོ་ལམ་དོ་དམ་གྱི་ལས་འགན་འཁུར་གྱི་ཡོད། དེའི་ནང་ཨུ་ཧྲའོ་ལིང་བརྒལ་བའི་རྒྱལ་ལམ་312དང་རྫོང་ལམ་202ལམ་གྱི་རིང་ཚད་སྤྱི་ལེ་20ལྷག་ཙམ་གྱི་ཐུར་ལམ་ཡོད་པ་དང་། དེ་ནི་རུ་འབྲིང་གི་གཙོ་གནད་བདག་སྐྱོང་ལམ་དུམ་ཞིག་རེད།
“རྒྱལ་ལམ་312ཀྱི་སྤྱི་ལེ་14དང་རྫོང་ལམ་202ཀྱི་སྤྱི་ལེ་9ནི་ཐུར་ལམ་ཡིན་ཞིང་། ལམ་དེའི་ཐུར་གཟར་ལ་ཁུག་ཆ་ཆེན་པོ་ཡོད”ཅེས་ཝུའུ་ཧྲའོ་ལིང་རུ་འབྲིང་གི་རུ་དཔོན་མཱ་ཧྥུའུ་ལེང་གིས་བཤད། ཨུ་ཧྲའོ་ལིང་དུ་ལོ་ལྟར་ཟླ་9པ་ནས་ཕྱི་ལོའི་ཟླ་5པའི་བར་གངས་འཁྱགས་ཐེབས་ཀྱི་ཡོད་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་2.2ལས་མེད་པ་དང་གཙོ་གནད་བདག་སྐྱོང་ལམ་རྒྱུད་དུ་རླངས་འཁོར་འགག་པ་དང་འགྲིམ་འགྲུལ་དོན་རྐྱེན་སོགས་མང་པོ་ཐོན་གྱི་ཡོད།
ཟླ་བ་གཉིས་ལྷག་ཙམ་གྱི་གོང་། གངས་འཁྱགས་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པས། G30ལན་ཡུན་ཀང་ནས་ཧོར་གོ་སི་བར་གྱི་མྱུར་བགྲོད་གཞུང་ལམ་གནས་སྐབས་བཀག་སྡོམ་བྱས་ནས་རླངས་འཁོར་མང་པོ་རྒྱལ་ལམ་312སུ་ཁག་བགོས་བྱས་སྟབས་འགྲིམ་འགྲུལ་དུས་ཡུན་རིང་པོ་འགག་པའི་གནས་ཚུལ་ཐོན་གྱི་ཡོད།
“འགྲིམ་འགྲུལ་འགག་པའི་རིང་ཚད་སྤྱི་ལེ་12ཟིན་པ་དང་ཁ་འགྲེམས་དགོས་པའི་རླངས་འཁོར་མང་ཆེ་བ་ནི་ཟོག་འདྲེན་རླངས་འཁོར་རེད། ཆ་སྙོམས་རླངས་འཁོར་འགྲོ་སྐྱོད་མང་བའི་དུས་སུ་ཉིན་གཅིག་ལ་རླངས་འཁོར་4000ཙམ་ཟིན་གྱི་ཡོད”ཅེས་ཨུ་ཧྲའོ་ལིན་རུ་འབྲིང་གི་འགྲིམ་འགྲུལ་ཉེན་རྟོག་པ་ཀའོ་མའོ་ལིན་གྱིས་བཤད། རུ་འབྲིང་གི་འགྲིམ་འགྲུལ་ཉེན་རྟོག་པ་གསུམ་དང་ཨུ་ཧྲའོ་ལིང་མངགས་གཏོང་ཁང་གི་ཉེན་རྟོག་པ་ཁ་ཤས་ཀྱིས་བསྟུད་མར་ཉིན་མཚན་གསུམ་འབད་འཐབ་བྱས་ཏེ། རླངས་འཁོར་རྒྱུན་གཏན་འཁོར་སྐྱོད་བྱས་རྗེས་ཁོ་ཚོས་གཞི་ནས་བཅའ་སྡོད་ཁུལ་དུ་ལོག་པ་རེད།
རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བའི་གནམ་གཤིས་ནི་བཅའ་སྲུང་མི་དམངས་ཉེན་རྟོག་པའི་ལས་སྒྲུབ་སྐོར་ཞིབ་ཀྱི་འགྲན་སློང་ཆེ་ཤོས་རེད། ཉེ་ཆར་གསར་འགོད་པས་ཨུ་ཧྲའོ་ལིང་རུ་འབྲིང་གི་འགྲིམ་འགྲུལ་ཉེན་རྟོག་སྐོར་ཞིབ་པ་དང་མཉམ་དུ་ས་བབ་མཐོ་ཚད་སྨི་3052ཟིན་པའི་ཨུ་ཧྲའོ་ལིང་གི་ལྗོངས་གཟིགས་སྒང་དུ་སྐྱོད་སྐབས་རི་གཤམ་གྱི་ཚ་སེར་ཉི་འོད་འཕྲོ་བ་དང་བསྡུར་ན་རི་སྟེང་དུ་གྲང་རླུང་འུར་འུར་དུ་ལྡང་བ་དང་ཁ་ཆར་བུ་ཡུག་འཚུབ་སྐབས་དེ་བས་བཟོད་དཀའ་བ་ཞིག་འདུག
ཝུའུ་ཧྲའོ་ལིང་ལྗོངས་གཟིགས་སྒང་ནི་རུ་འབྲིང་གིས་དོ་དམ་བྱེད་པའི་ལམ་དུམ་གྱི་འགག་གནད་རེད། “འདི་གར་ནི་ས་བབ་མཐོ་ཤོས་རེད། ཕྱོགས་གཉིས་ནི་སྤྱི་ལེ་བཅུ་ཙམ་གྱི་ཐུར་ལམ་རེད”ཅེས་མཱ་ཧྥུའུ་ལེང་གིས་བཤད། ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་མང་པོའི་འཁོར་བཀག་ལྕགས་ལེབ་ལ་བརྟག་དཔྱད་བྱེད་དགོས་པ་ཕུད། ད་དུང་ཁ་ལོ་བར་རླངས་འཁོར་དལ་པོ་གཏོང་དགོས་པ་དང་འདྲེད་འགོག་ལྕགས་ཐག་བསྒར་དགོས་ལུགས་དྲན་སྐུལ་བྱེད་ཀྱི་ཡོད།
ལོ་ངོ་30ལྷག་ཙམ་རིང་རྒྱུན་མཐུད་བཅའ་སྲུང་བྱས་སྟབས། ལོ་མང་ཨུ་ཧྲའོ་ལིང་བརྒལ་མཁན་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པའི་དབར་དམིགས་བསལ་གྱི་འཚམས་འདྲི་བྱེད་སྟངས་ཤིག་ཆགས་པ་སྟེ། ཤིན་ཅང་དང་ཧྲན་ཏུང་དབར་ཕར་འགྲོ་ཚུར་འོང་བྱེད་མཁན་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཝང་ཧྥུའུ་ལེང་གིས། ཨུ་ཧྲའོ་ལིང་བརྒལ་སྐབས་ང་ཚོས་ལམ་འགྲམ་དུ་ལས་འགན་སྒྲུབ་མཁན་འགྲིམ་འགྲུལ་ཉེན་རྟོག་པ་མཐོང་སྐབས་དུང་བརྡ་བསྒྲགས་ནས་འཚམས་འདྲི་བྱེད་ཀྱི་ཡོད་ལ་འགྲིམ་འགྲུལ་ཉེན་རྟོག་པས་ཀྱང་ང་ཚོར་གུས་ལན་སྤྲོད་ཀྱི་ཡོད་ཅེས་བཤད།
དཔྱིད་གསར་དུས་ཆེན་རིང་ཝུའུ་ཧྲའོ་ལིང་གི་གནམ་གཤིས་སྤྱིར་ན་ཡག་པོ་ཡོད་ཀྱང་བཅའ་སྲུང་བྱེད་མཁན་འགྲིམ་འགྲུལ་ཉེན་རྟོག་པས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་ཀྱི་མེད། མཱ་ཧྥུའུ་ལེང་གིས“དུས་རྒྱུན་དང་འདྲ་བར་ཉིན་མཚན་མེད་པར་ཆུ་ཚོད་གཉིས་རེར་སྐོར་ཞིབ་རེ་བྱེད་ཀྱི་ཡོད”ཅེས་བཤད།