ཞི་ཅིན་ཕིང་གིས་སི་ཁྲོན་གྱི་དབྱི་པིན་གྲོང་ཁྱེར་ཅུན་ལན་རྫོང་དུ་རི་ཉིལ་བའི་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྐབས།
ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་10ཉིན། 10:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་8ཉིན་གྱི་ཆུ་ཚོད་11དང་སྐར་མ་50ཙམ་ལ། སི་ཁྲོན་གྱི་དབྱི་པིན་གྲོང་ཁྱེར་ཅུན་ལན་རྫོང་མུའུ་ཨའེ་གྲོང་རྡལ་ཅིན་ཕིང་གྲོང་ཚོར་རི་ཉིལ་ཞིང་། ཚེས་8ཉིན་གྱི་ཆུ་ཚོད་17བར་ཡུལ་མིའི་ཁང་པ་10ས་འོག་ཏུ་བསྣན་པ་དང་མི་30ལྷག་ཙམ་དང་འབྲེལ་བ་ཆད་ཡོད།
གནོད་འཚེ་ཐོན་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་སྟེ། སི་ཁྲོན་གྱི་དབྱི་པིན་གྲོང་ཁྱེར་ཅུན་ལན་རྫོང་དུ་རི་ཉིལ་ནས་མི་མང་པོ་དང་འབྲེལ་བ་ཆད་ཡོད། ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་མི་ཤི་རྨས་བྱུང་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ལ་རྗེས་མཇུག་སོགས་ཀྱི་ལས་ཀའང་ཡག་པོ་སྒྲུབ་དགོས་པ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱོབ་རོགས་བྱེད་པར་དོ་སྣང་བྱས་ཏེ་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱེད་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གནོད་འཚེ་སྣ་ཚོགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། གནོད་འཚེ་ཚབས་ཆེན་དང་ཆེ་རིགས་ལ་མཐའ་གཅིག་ཏུ་འགོག་ཟོན་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྐབས། ནུས་ཤུགས་ཡོད་རྒུས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱས་ནས་ཤི་རྨས་བྱུང་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ལ་རྗེས་མཇུག་སོགས་ཀྱང་ཡག་པོ་བྱེད་དགོས་པ་དང་སྦྲགས། རི་ཉིལ་རྐྱེན་དུས་ཚོད་དམ་འཛིན་གྱིས་རྩད་གཅོད་མཐའ་གསལ་དང་། མཐའ་འཁོར་གྱི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར། ཉེན་ཡོད་མང་ཚོགས་གནས་སྤོ། ཞོར་ཐོན་གནོད་འཚེ་སྔོན་འགོག་བཅས་བྱེད་དགོས་ཞེས་བསྟན་པ་རེད།
ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ། ས་གནས་ས་ཐོག་ཏུ་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པ་དང་། རང་བྱུང་ཐོན་ཁུངས་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ། སི་ཁྲོན་ཞིང་ཆེན་དང་དབྱི་པིན་གྲོང་ཁྱེར་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་བྱེད་འགོ་ཚུགས་ཡོད། མིག་སྔར་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།