ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་ནན་བཤད་གནང་དོན།
ཚའེ་ཆི་སྙན་སེང་ཚོགས་འདུར་ཞུགས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་10ཉིན། 10:12】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་2ཚེས་8ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་དུ་ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་གསུང་བཤད་གལ་ཆེན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཁྲུན་ནས་ཟླ་2ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་ཅི་ལིན་གྱིས་དུས་རབས་གསར་པར་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི“བདེ་འཇགས་ཆེན་པོ་ལྔ”སྲུང་སྐྱོང་བྱེད་རིང་བྱང་ཤར་གྱི་ལས་འགན་གལ་ཆེན་ལ་སྟངས་འཛིན་ནན་པོ་དང་། འཕེལ་རྒྱས་ཀྱི་གཞི་ཚུགས་ས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐོག་འཇོག་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཧུར་ཐག སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་སྔར་བས་ཟབ་ཏུ་གཏོང་བ། གོ་སྐབས་དམ་འཛིན་དང་དུས་བསྟུན་མདུན་སྐྱོད། གསར་གཏོད་བྱེད་ཕོད་པ་དང་དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་རིང་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས་པའི་ནན་བཤད་གནང་བ་རེད།
ཟླ་2ཚེས་8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་དུ་ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་རེད། ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཆང་གིས་སྙན་སེང་ཞུས་པ་དང་ཧྲེང་ཀྲང་ཧུའུ་ཡུས་ཐིང་སོགས་སྙན་སེང་ཚོགས་འདུར་ཞུགས་པ་རེད།
སྙན་སེང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཅི་ལིན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་བླང་བྱ་བཏོན་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་གསར་གཏོད་ཀྱི་སྐུལ་འདེད་དང་ཐོན་ལས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། དངོས་ཚན་དཔལ་འབྱོར་གྱི་རྩ་བའི་རྨང་གཞི་བརྟན་པོ་བསྲུངས་ནས་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་དང་། ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། ཅི་ལིན་གྱི་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚན་རིག་ཞིབ་འཇུག་གི་ཐོན་ཁུངས་དང་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་མཐོ་རུ་གཏོང་བ། གསར་གཏོད་ཀྱི་སྐྱེ་ཁམས་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཚན་རྩལ་གྱི་ཆེད་དོན་གཙོ་གནད་རྣམ་གྲངས་ཁག་གཅིག་ལ་ཚད་བརྒལ་གསར་པ་ཡོང་བའི་བརྩོན་ལེན་བྱས་ནས་ཚན་རྩལ་གྱི་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་དངོས་ལ་བསྒྱུར་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་སྤྱི་འདོམས་བྱས་ཏེ་གངས་འཁྱགས་དང་། རང་བྱུང་མཛེས་ལྗོངས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ཁྱད་ལྡན་ཐོན་ཁུངས་སྤྱད་དེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་དགོས། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། ཁྲང་ཁྲུན་གྱིས་དེང་རབས་ཅན་གྱི་གྲོང་ཁྱེར་འཁོར་རྒྱ་བསྐྲུན་པར་སྐུལ་འདེད་གཏོང་བ་དང་བྱང་ཤར་ས་ཁུལ་གྱིས་ཞིང་ཆེན་གཞན་དག་དང་མཐུན་སྦྱོར་མཉམ་འགུལ་ལ་སྣང་ཆེན་བྱས་ཏེ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུ་དེ་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་གལ་འགངས་ཤིན་ཏུ་ཆེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚོད་འཛིན་བཟོ་བའི་འགག་གནད་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་དཀའ་གནད་ཀྱི་གནད་དོན་ལ་དམིགས་ཏེ། སྒྱུར་བཅོས་ཀྱི་གྲོས་དོན་བཀོད་སྒྲིག་དང་སྒྱུར་བཅོས་ཀྱི་ཇུས་གཞི་གྲུབ་ནས་གཏིང་ཟབ་པའི་འགལ་བ་ཐག་གཅོད་དང་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་ནུས་ལྡན་སེལ་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བའམ་ཡང་ན་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་ཀྱི་གཏན་འབེབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་དཔེ་མཚོན་གྱི་ཁྲིད་སྟོན་ལ་སྣང་ཆེན་བྱས་ཏེ། ཐུན་མོང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་དགོས་ལ། བྱེ་བྲག་གི་གནད་དོན་ཡང་ཐག་གཅོད་བྱེད་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་ནས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་ཞིང་ལས་ཞིང་ཆེན་ཆེན་པོ་དང་འབྲུ་རིགས་ཞིང་ཆེན་ཆེན་པོའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན། ཅི་ལིན་གྱིས་དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་རྒྱུ་ཁ་ཕྱོགས་གཙོ་བོར་བྱེད་པ་དང་། ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་བཅས་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། ཚན་རྩལ་ཞིང་ལས་དང་། ལྗང་མདོག་ཞིང་ལས། སྤུས་ཚད་ཞིང་ལས། སྤུས་རྟགས་ཞིང་ལས་བཅས་སྤྱི་འདོམས་འཕེལ་རྒྱས་གཏོང་དགོས། སྐྱེ་ཁམས་གསོ་ཚགས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་ཞིང་ལས་ཐོན་རྫས་དང་བཟའ་བཅའ་ལས་སྣོན་ཞིབ་ཚགས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ“འབྲུ་མགོ་ཟས་མཇུག”དང་། “ཕྱུགས་མགོ་ཤ་མཇུག”“ཞིང་མགོ་བཟོ་མཇུག”བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་སྣེ་མང་ཅན་གྱི་བཟའ་རིགས་མཁོ་སྤྲོད་མ་ལག་སྐྲུན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་མཐོངས་བཀོད་པ་དང་། ཐོན་ལས་འཕེལ་རྒྱས། སྤྱི་པའི་ཞབས་ཞུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་སྤྱི་འདོམས་འཆར་འགོད་བྱེད་པ་དང་། ལས་དར་དང་། རྫོང་སྟོབས་ཆེན། དམངས་ཕྱུག་བཅས་གཞི་གཅིག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་ཐོག་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ། ཡུལ་སྲོལ་བཟང་པོ་གཏོད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དུས་བདེ་ཁྲིམས་སྐྱོང་དང་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་སྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཅི་ལིན་ནི་མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་ཡིན་པས། དུས་རབས་གསར་པའི་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ནུས་ལྡན་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། མཐའ་དར་དམངས་ཕྱུག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཡུལ་བབ་དང་བསྟུན་ནས་མཐའ་མཚམས་ཚོང་དོན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱ་རྒྱུ་དེ་དུས་དང་རྣམ་པ་ཀུན་ཏུ་ལག་ཏུ་དམ་པོར་བཟུང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པ་དང་། རང་བྱུང་གནོད་འཚེ་སྔོན་འགོག་སྔོན་བརྡ་དང་ཁ་གཏད་གཅོག་པར་ཤུགས་སྣོན་རྒྱག་པ། བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་སེལ་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་དགོས། ཡང་དག་པའི་མི་སྤྱོད་ཀྱི་སྟོན་ཕྱོགས་དང་ལས་ཀའི་སྟོན་ཕྱོགས་འཛུགས་པ་དང་། རིམ་ཁག་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་འཇོན་ཐང་ཆེ་རུ་གཏོང་བ་དང་། ཐེག་པ་འཁུར་ལེན། གྲུབ་འབྲས་བཟང་པོ་བརྩོན་ལེན་བཅས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་དང་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་མཉམ་དུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་མུ་མཐུད་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མུ་མཐུད་བཅོས་སྒྲིག་བཅས་བྱས་ཏེ་སྒྲིག་བཀུར་ཁྲིམས་སྲུང་དང་གཞུང་དྲང་སྤྱོད་གཙང་གི་སྔོན་འགྲོའི་ཆ་རྐྱེན་འོག་ལས་བྱེད་པ་ཚོས་བློ་ཁོག་ཆེན་པོས་ལས་དོན་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་སྙན་སེང་ཚོགས་འདུར་ཞུགས་ཡོད་པ་རེད།
ཧོ་ལི་ཧྥུང་དང་ཝང་ཞའོ་ཧུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སྙན་སེང་ཚོགས་འདུར་ཞུགས་ཡོད་པ་རེད།