འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་11ཉིན།

༄༅།།གསར་དུ་བཟོ་བཅོས་བརྒྱབ་པའི《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ཐེམ་ དོ་དམ་བྱ་ཐབས》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་11ཉིན། 10:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། གསར་དུ་བཟོ་བཅོས་བརྒྱབ་པའི《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ཐེམ་དོ་དམ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)དངོས་སུ་བཀྲམ་པ་རེད།

    “《བྱ་ཐབས》ནང་སློབ་མ་མེད་ཀྱང་སློབ་ཐེམ་བཟོ་བ་དང་། མི་ཐེམ་ཐ་དད། སློབ་ཐེམ་བསྐྱར་ཟློས་སོགས་ཀྱི་གནད་དོན་ཚང་མར་ལན་བརྒྱབ་ཡོད”སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་འགན་འཁུར་བས། དཔེར་ན་དོན་ཚན་ཉེར་ལྔ་པའི་ནང་སློབ་གྲྭས་སློབ་དུས་རེར་ཉུང་མཐར་ཡང་སློབ་མའི་སློབ་ཐེམ་ལ་ཞིབ་དཔྱད་ཆོག་འཐུས་ཐེངས་རེ་བྱེད་དགོས་པའི་གཏན་འབེབས་བྱས་ནས། མི་དང་སློབ་ཐེམ་གཅིག་མཐུན་དང་། སློབ་ཐེམ་སྒྱུར་བའི་འགྲོ་ལུགས་འཐུས་ཚང་། སློབ་མའི་རྨང་གཞིའི་སློབ་ཐེམ་གྱི་ཆ་འཕྲིན་དང་སློབ་ཐེམ་སྒྱུར་བའི་ཆ་འཕྲིན་ཡང་དག་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་མི་དང་སློབ་ཐེམ་ཐ་དད་དང་སློབ་མ་མེད་ཀྱང་སློབ་ཐེམ་བཟོ་བ་སོགས་ཀྱི་གནད་དོན་ཐག་གཅོད་ནན་པོ་དང་དུས་ཐོག་བྱེད་དགོས་ཞེས་ངོ་སྤྲོད་བྱས།

    《བྱ་ཐབས》ནང་སློབ་མའི་སློབ་གསོའི་གྲངས་འཛིན་ཐོབ་ཐང་དང་། སློབ་ཐེམ་དོ་དམ་སྒུལ་བདེའི་དུད་སྣེ་འཛུགས་སྐྱོང་། ལག་ཁྱེར་ཉུང་གཏོང་དམངས་ཕན་སོགས་ལ་གཏན་འབེབས་ཁ་གསལ་བྱས་ཤིང་། དཔེར་ན་དོན་ཚན་བཅོ་ལྔའི་ནང་ཞིང་ཆེན་སྒྲོལ་བའི་སློབ་སྒྱུར་དཔྱད་གཞི་སྔར་བས་སྟབས་བདེ་རུ་བཏང་ནས་ཞིང་ཆེན་སྒྲོལ་བའི་སློབ་སྒྱུར་གྱི“དྲ་གཅིག་ཀུན་སྒྲུབ”མངོན་འགྱུར་བྱེད་དགོས་པ་གཏན་འབེབས་བྱས་ཡོད། དོན་ཚན་ཉེར་བཞི་པའི་ནང་སློབ་མའི་རྨང་གཞིའི་སློབ་ཐེམ་ཆ་འཕྲིན་ལ་དམིགས་པའི“སློབ་མའི་ཡིད་རྟོན་རུང་བའི་སློབ་གསོའི་གྲངས་འཛིན་ཐོབ་ཐང”འཛུགས་སྐྱོང་དང་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས། ཉེར་སྤྱོད་མ་ལག་མི་འདྲ་བའི་དབར་སློབ་མའི་སློབ་གསོའི་ཐོབ་ཐང་ཆ་འཕྲིན་གྱི་ཡིད་རྟོན་རུང་བའི་དབྱེ་འབྱེད་དང་བདེ་འཇགས་ངང་མཉམ་སྤྱོད་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།

    གཞན་ཡང《བྱ་ཐབས》ནང་སློབ་ཐེམ་དོ་དམ་ལས་དོན་གྱི་བདེ་འཇགས་ལམ་ལུགས་དང་སློབ་ཐེམ་གྲངས་འཛིན་ཆ་འཕྲིན་བདེ་འཇགས་ཐད་བླང་བྱ་ཁ་གསལ་བཏོན་ནས། རིམ་ཁག་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་སློབ་ཐེམ་བདེ་འཇགས་དོ་དམ་གྱི་སྔོན་བརྡའི་ལམ་སྲོལ་འཛུགས་དགོས་པ་དང་། རིམ་ཁག་དོ་དམ་བས་གྲངས་འཛིན་སྤྱོད་པའི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་བྱས་ནས། སློབ་ཐེམ་གྲངས་འཛིན་ཕྱིར་གྱར་ནན་འགོག་བྱེད་པ་དང་། ཉེར་སྤྱོད་མ་ལག་གཞན་དག་གིས་སྒྲིག་འགལ་ངང་སློབ་མའི་ཆ་འཕྲིན་འཚོལ་བསྡུ་བྱེད་པར་ནན་འགོག་བྱེད་དགོས། གལ་ཏེ་ཆ་འཕྲིན་ཕྱིར་གྱར་བ་དང་སྒྲིག་འགལ་ངང་སྤྱད་ཚེ“སུས་ཆོག་མཆན་སྤྲད་ན་དེས་འགན་འཁུར་དགོས་པའི”རྩ་དོན་གཞིར་བཟུང་དོན་རྐྱེན་དང་འབྲེལ་བ་ཡོད་པའི་མི་སྣར་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།