འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་11ཉིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས།

༄༅།།མགྱོགས་མྱུར་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་11ཉིན། 10:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

འདི་ནི་ཟླ་2ཚེས་8ཉིན་གྱི་དགོང་མོར། ཅུན་ལེན་རྫོང་གི་རི་ཉིལ་ཁུལ་དུ་མེ་ཟོན་རོགས་སྐྱོབ་པས་འཚོལ་སྐྱོབ་བྱེད་བཞིན་པ།

འདི་ནི་ཟླ་2ཚེས་8ཉིན་གྱི་དགོང་མོར། ཅུན་ལེན་རྫོང་གི་རི་ཉིལ་ཁུལ་དུ་མེ་ཟོན་རོགས་སྐྱོབ་པས་འཚོལ་སྐྱོབ་བྱེད་བཞིན་པ།

    ཟླ་2ཚེས་8ཉིན་གྱི་ཆུ་ཚོད་11དང་སྐར་མ་50ཙམ་ལ། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཅུན་ལེན་རྫོང་མུའུ་ཨའེ་གྲོང་རྡལ་ཅིན་ཕིང་གྲོང་ཚོར་རི་ཉིལ་ཞིང་། ཚེས་8ཉིན་གྱི་ཆུ་ཚོད་17བར་དུད་ཚང་10ས་འོག་ཏུ་བསྣན་པ་དང་མི་30ལྷག་ཙམ་དང་འབྲེལ་བ་ཆད་ཡོད་པ་རེད། འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འཕྲལ་མར་རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་ནུས་ཤུགས་ཡོད་རྒུས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་དང་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།

    གནོད་འཚེ་ཐོན་རྗེས། སི་ཁྲོན་ཞིང་ཆེན་ས་གཤིས་གནོད་འཚེ་འགོག་བཅོས་བཀོད་འདོམས་པུས་སི་ཁྲོན་ཞིང་ཆེན་གྱི་ས་གཤིས་གནོད་འཚེའི་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་རེད། ས་གནས་དེ་གས་འཕྲལ་སྡོམ་རོགས་སྐྱོབ་དང་། མེ་ཟོན། སྤྱི་བདེ། འགྲིམ་འགྲུལ། སྨན་བཅོས། འཕྲིན་གཏོང་། གློག་ཤུགས་སོགས་རོགས་སྐྱོབ་སྟོབས་ཤུགས་མགྱོགས་མྱུར་སྒྲིག་འཛུགས་བྱས་ནས་འཕྲལ་སྡོམ་རོགས་སྐྱོབ་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱས་པ་རེད། གནས་ཚུལ་འགོད་སྐབས་ས་གནས་ས་ཐོག་ཏུ་མང་ཚོགས་200ཙམ་ཁ་འགྲེམས་གནས་སྤོ་བཀོད་སྒྲིག་ཟིན་པ་དང་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཚང་མ་གནས་སྤོས་ཟིན་པ་རེད།

   དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་གིས་འཕྲལ་མར་དབྱི་པིན་ཉིང་ལག་རུ་ཁག་ཅུན་ལེན་རུ་འབྲིང་གི་དཔོན་དམག་རོགས་སྐྱོབ་ཡོ་བྱད་འཁྱེར་ནས་འཕྲལ་མར་གནོད་འཚེ་ཕོག་ཁུལ་གྱི་འཐབ་ས་དང་པོར་རོགས་སྐྱོབ་བྱེད་པར་མངགས་པ་རེད། སི་ཁྲོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་དབྱི་པིན་དང་། ཁྲེང་ཏུའུ། ཙེ་ཀུང་། ནེ་ཅང་། སུའེ་ཉིང་། ལུའུ་ཀྲོའུ། ལེ་ཧྲན། མེ་ཧྲན་བཅས་ཉིང་ལག་རུ་ཁག་དང་སྦྱོང་བརྡར་དང་དམག་ལས་འགན་སྲུང་ཉིང་ལག་རུ་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ས་གནས་ས་ཐོག་ཏུ་མངགས་ནས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་པ་རེད།

    གནོད་འཚེ་ཐོན་རྗེས། ས་གནས་དེ་གའི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་མགྱོགས་མྱུར་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་ནས་འཕྲལ་མར་སྨན་བཅོས་མི་སྣ་དང་མྱུར་སྐྱོབ་རླངས་འཁོར་ས་གནས་ས་ཐོག་ཏུ་སྨན་བཅོས་རོགས་སྐྱོབ་བྱེད་པར་མངགས་པ་རེད། ཚེས་8ཉིན་གྱི་ཆུ་ཚོད་19བར་རྨས་མ་2སྨན་ཁང་དུ་ལྟ་ཞིབ་སྨན་བཅོས་བྱེད་པར་བསྐྱལ་ཡོད།

    སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ལས་རིགས་ཀྱི་ས་གཤིས་གནོད་འཚེའི་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་ཤིང་། མིག་སྔར་གནོད་འཚེ་ཕོག་ཁུལ་དུ་ཚེ་སྲོག་གི་བགྲོད་ལམ་ཤར་གཏོང་ཐུབ་ཡོད་པ་རེད། ས་གནས་དེ་གའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་རོགས་སྐྱོབ་ཉེན་སྐྱོབ་སྒྲིག་ཆས་དང་མི་སྣ་སྒྲིག་འཛུགས་བྱས་ནས་ཉེན་སེལ་རྒུད་སྐྱོབ་ལས་དོན་སྤེལ་བར་རམ་འདེཌ་བྱས་པ་རེད།

    ཉིན་དེར་འཕྲལ་སྡོམ་དོ་དམ་པུའུ་ཡིས་ས་གཤིས་གནོད་འཚེའི་རིམ་པ་གསུམ་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་དང་རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་རེད། འཕྲལ་སྡོམ་དོ་དམ་པུས་སི་ཁྲོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་དང་། མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག ས་གནས་ས་ཐོག་གི་བཀོད་འདོམས་པ་བཅས་དང་བརྙན་ལམ་སྦྲེལ་མཐུད་བྱས་ནས་གནོད་འཚེའི་གནས་ཚུལ་མགྱོགས་མྱུར་ཞིབ་བཤེར་བྱེད་པ་དང་ཆེད་ལས་སྟོབས་ཤུགས་དང་སྒྲིག་ཆས་སྐོང་འཐེན་བྱས་ནས། ནུས་ཤུགས་ཡོད་རྒུས་ཞིབ་བཤེར་རོགས་སྐྱོབ་བྱེད་པ་དང་དུས་མཚུངས། ས་གནས་ས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རོགས་སྐྱོབ་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། བཀོད་གཏོང་བྱས་རྗེས་ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་བསྐྱོད་དེ་རོགས་སྐྱོབ་ཐག་གཅོད་ལ་མཛུབ་ཁྲིད་བྱས་པ་རེད། འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མི་345དང་། རྒྱལ་ཁབ་གཏེར་རིའི་འཕྲལ་སྡོམ་རོགས་སྐྱོབ་སི་ཁྲོན་རྡོ་སོལ་རུ་ཁག་གི་མི་26དང་སྒྲིག་ཆས(ཆ་ཚང)54 ཀྲུང་གོ་ཨན་ནེང་ཚོགས་པའི་མི་45དང་སྒྲིག་ཆས(ཆ་ཚང)22ས་གནས་ས་ཐོག་ཏུ་རོགས་སྐྱོབ་བྱེད་པར་མངགས་པ་རེད།

    རང་བྱུང་ཐོན་ཁུངས་པུས་ས་གཤིས་གནོད་འཚེའི་འགོག་སྲུང་དང་ལེན་བྱེད་འགོ་ཚུགས་པ་དང་འབྲེལ་རིམ་པ་གཉིས་པར་རིམ་སྤོར་བྱས་ནས་རིགས་གཅིག་མཁས་ཅན་ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་མངགས་ནས་ཉེན་སེལ་རོགས་སྐྱོབ་སོགས་ཀྱི་ལས་དོན་སྤེལ་བར་མཛུབ་ཁྲིད་བྱས་པ་རེད། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱིས་རིགས་གཅིག་མཁས་ཅན་ས་གནས་ས་ཐོག་ཏུ་མངགས་པ་དང་འབྲེལ་ཅུས་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ནས་རང་འགུལ་ཅན་གྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་དབྱེ་ཞིབ་དང་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ་ཞིབ་གཅོད་ལ་ཤུགས་སྣོན་བརྒྱབ་སྟེ། འཕྲལ་སྡོམ་ཐིག་ལེན་རིས་འབྲིའི་ཐད་གནོད་འཚེའི་སྔ་རྗེས་ཀྱི་རྣམ་པ་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་རིགས་གཅིག་མཁས་ཅན་ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་མངགས་པ་དང་། དབྱི་པིན་གྲོང་ཁྱེར་ཅུས་དང་ཅུན་ལེན་རྫོང་ཅུས་ས་གནས་ས་ཐོག་ཏུ་བསྐྱོད་དེ་འཕྲལ་སྡོམ་ཐག་གཅོད་ལ་རམ་འདེགས་བྱས་པ་རེད།

   རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་སྔོན་རྩིས་ནས་མ་དངུལ་སྒོར་ཁྲི་5000བཏང་སྟེ་གེགས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གེགས་རྗེས་འཕྲལ་སྡོམ་སླར་གསོ་ལ་རྒྱབ་སྐྱོར་བྱས་པ་རེད།

    ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི་3000འཕྲལ་མར་སྔོན་གཏོང་བྱས་ཏེ། སི་ཁྲོན་གྱིས་མྱུར་དུ་ཉེན་སྐྱོབ་རོགས་སྐྱོབ་སྒྲིག་འཛུགས་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

      བཟོ་འཕྲིན་པུའུ་ཡིས་འཕྲལ་མར་སི་ཁྲོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་ལ་འཕྲལ་སྡོམ་འཕྲིན་གཏོང་འགན་སྲུང་ལས་དོན་སྤེལ་བར་མཛུབ་ཁྲིད་བྱས་པ་དང་གློག་འཕྲིན་ཁེ་ལས་སྒྲིག་འཛུགས་བྱས་ནས་གཏོར་སྐྱོན་ཕོག་པའི་འཕྲིན་གཏོང་སྒྲིག་ཆས་དུས་ཐོག་ཏུ་སླར་གསོ་བྱས་པ་དང་ཆབས་ཅིག གནོད་འཚེ་ཕོག་ཁུལ་གྱི་འཕྲིན་གཏོང་སྦྲེལ་ཚུགས་དང་སྐུད་ལམ་ཛ་དྲག་ངང་ལེགས་སུ་དང་ཤོང་ཚད་ཆེ་རུ་བཏང་བ་རེད། ས་གནས་དེ་གས་འགན་སྲུང་དཔུང་ཁག་བཙུགས་པ་དང་རོགས་སྐྱོབ་དཔུང་ཁག་ལ་འཕྲིན་གཏོང་འགན་སྲུང་ཡང་བྱས་པ་རེད།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཁབ་ཛ་དྲག་གསོ་རིག་རོགས་སྐྱོབ་རུ་ཁག་སི་ཁྲོན་ཧྭ་ཤིས་སྨན་ཁང་གི་ནད་ལྕིའི་གསོ་རིག་དང་། འཕྲལ་བཅོས། རྨས་སྐྱོན་སོགས་ཆེད་ལས་ཀྱི་རྒྱལ་ཁབ་རིམ་པའི་རིགས་གཅིག་མཁས་ཅན་ས་གནས་དེ་གར་རོགས་སྐྱོར་བྱེད་པར་མངགས་པ་རེད།