དབུན་ཁྲོན་ནས་དིང་རི་བར།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་12ཉིན། 10:16】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ནི་ཟླ་1ཚེས་7ཉིན། རོགས་སྐྱོབ་སྟོབས་ཤུགས་དགུ་རུམ་གྲོང་ཚོར་རོགས་སྐྱོབ་བྱེད་དུ་སྐྱོད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བརྒྱབ།
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲུའུ་གོ་ཆང་།
ཉེ་ཆར། བོད་ལྗོངས་དིང་རི་རྫོང་མཚོ་སྒང་ཤང་གཞལ་བྲོད་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་སྡོད་སའི་སྟབས་བདེའི་ཁང་པའི་ཐོག་ཁར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
དེ་ཡང་ཉིན་19ཡི་གོང་སྟེ། ས་ཡོམ་བརྒྱབ་པའི་དགོང་མོ་དེར་འཇིགས་སྣང་དང་དངངས་སྐྲག་ལས་གྲོལ་མ་ཐག་པའི་གཞལ་བྲོད་གྲོང་ཚོའི་ཡུལ་མི་ཚོ་འཚང་ཁ་ཤིག་ཤིག་ངང་གུར་ནང་བསྡད་དེ་ཕན་ཚུན་སེམས་གསོ་གཏོང་གིན་དུས་འདའ་བར་བྱས།
གཞལ་བྲོད་གྲོང་ཚོ་ནི་མི་ལོ་17སོང་རྗེས་ང་རང་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པའི་མཐོ་སྒང་དུ་སླར་ཡང་མཚན་གུང་ལ་གེགས་ཁུལ་དུ་བཅར་འདྲིར་བསྐྱོད་ས་ཐོག་མ་དེ་ཡིན།
འདི་ནི་ཟླ་1ཚེས་8ཉིན་གྱི་ཐོ་རེངས་ཆུ་ཚོད་3པར། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲུའུ་གོ་ཆང་གིས་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཡིན་པའི་དགུ་རུམ་གྲོང་ཚོར་གནོད་འཚེ་ཕོག་པའི་མང་ཚོགས་ལ་བཅར་འདྲི་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བརྒྱབ།
ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། གློ་བུར་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་བོད་ཀྱི“ཇོ་མོ་གླང་མའི་ཕ་ས”དིང་རིའི་མང་ཚོགས་ཀྱི་ལྷིང་འཇགས་བག་ཕེབས་ཀྱི་འཚོ་བ་ཡོངས་སུ་དཀྲོགས།
འཁོར་ཞག་ལ་རོལ་ནས་ཡོད་པའི་ངས་ཡིད་སྐྱོ་བའི་གཏམ་ངན་དེ་ཐོས་འཕྲལ་གནམ་གྲུའི་སྤ་སེ་སྔ་ཤོས་དེ་ཉོས་ཏེ་ཤིས་ཨན་ནས་ལྷ་སར་རྡོག་ཐོན་བྱས་པ་དང་། དེ་ནས་ལས་རོགས་ཚོ་དང་མཉམ་དུ་མཚན་མོ་དེ་རང་ལ་གེགས་ཁུལ་དུ་བསྐྱོད་པ་ཡིན།
ང་རང་དང་ཁ་ཕྱོགས་ལྡོག་ནས་འགྲོ་བའི་ཚུལ་དུ་སྣང་བའི་མོ་ཊའི་སྒེའུ་ཁུང་ཕྱིའི་རི་བོ་དང་སྐབས་རེ་ཡུག་ཙམ་ལས་མངོན་རྒྱུ་མེད་པའི་མོ་ཊའི་མདུན་གློག་མཐོང་སྐབས་ངའི་དྲན་པའི་ཡོལ་བའི་ངོས་སུ་མི་ལོ་17གོང་གི་མཚན་མོ་ཞིག་ང་རང་སི་ཁྲོན་དབུན་ཁྲོན་གྱི་གེགས་ཁུལ་དུ་བཅར་འདྲིར་བསྐྱོད་པའི་གནས་ཚུལ་དབང་མེད་དུ་ལྷང་ངེར་འཆར།
2008ལོའི་ཟླ་5ཚེས་12ཉིན་གྱི་ཆུ་ཚོད་14དང་སྐར་མ་28ལ། སི་ཁྲོན་དབུན་ཁྲོན་དུ་ས་ཡོམ་རིམ་པ་8.0བརྒྱབ་ཅིང་། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དུ་བརྒྱབ་པའི་གཏོར་སྐྱོན་ཕོག་ཚབས་ཆེ་ཤོས་ཀྱི་ས་ཡོམ་ཞིག་རེད། སྐབས་དེ་དུས་ཀྱང་ངས་མཚན་མོ་དེ་རང་ལ་ཤིས་ཨན་ནས་སི་ཁྲོན་ལ་ཐོན་ཏེ་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཡིན་པའི་ཆིང་ཁྲོན་རྫོང་དུ་བཅར་འདྲིར་བསྐྱོད་པ་ཡིན།
འོན་ཀྱང་ད་ཐེངས་ཆུ་ཚོད་7ལྷག་ཙམ་གྱི་ལམ་ཐག་སྤྱི་ལེ་500ལྷག་ཙམ་བསྐྱོད་མཐར་དིང་རི་རྫོང་གི་ཡོམ་ལྟེའི་གེགས་ཁུལ་དུ་འབྱོར་སྐབས་ཐོ་རེངས་ཟིན་འདུག
འདི་ནི་ཟླ་1ཚེས་7ཉིན་གྱི་མཚན་མོར། གུར་ནང་བསྡད་པའི་མཚོ་སྒང་ཤང་གཞལ་བྲོད་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བརྒྱབ།
མི་ལོ་17གྱི་སྔ་རྗེས་སུ་ཡོམ་ཁུལ་དུ་བཅར་འདྲིར་ཐེངས་གཉིས་བསྐྱོད་པ་ལས་ང་རང་ལ་བྱུང་བའི་འགྱུར་བ་མེད་པའི་མྱོང་ཚོར་ནི་དེ་ལྟའི་ཧང་སངས་པ་དང་། གདུང་སེམས་མཉམ་སྐྱེ་བྱེད་པ། སེམས་འགུལ་ཚད་མེད་ཐེབས་པ། བདེ་བའི་གཉིད་ལ་ཡུར་དཀའ་བ། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་བྱས་ནས་སྡོད་དགོས་པ་བཅས་རེད་འདུག
ཟླ་1ཚེས་8ཉིན་གྱི་ཐོ་རེངས་སུ་ང་ཚོ་རླངས་འཁོར་ལ་བསྡད་ནས་དིང་རིའི་ས་ཡོམ་གྱི་གནོད་འཚེ་ཕོག་ཚབས་ཆེ་ཤོས་དགུ་རུམ་གྲོང་ཚོར་བསྐྱོད་པ་ཡིན། དེ་གར་སླེབས་སྐབས་གྲོང་ཚོའི་འགྲོ་ལམ་གྱི་གཞོགས་གཉིས་སུ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་ཕལ་ཆེ་བ་བརྡིབས་ནས་མིག་གིས་ལྟ་མི་བཟོད་པར་གྱུར་འདུག
ཐོ་རེངས་ཆུ་ཚོད་གསུམ་པ་ཡོལ་ཙམ་ལ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་18ལ་སླེབས་ཡོད་པ་དང་། དགུ་རུམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་ཀྱིས་གྲང་ངར་ལ་མ་འཛེམས་པར་མང་ཚོགས་གནས་སྐབས་སྡོད་སའི་གུར་རྒྱག་གིན་འདུག་པས། ངས་གོ་སྐབས་དམ་འཛིན་གྱིས་ཁོང་ལ་གནོད་འཚེའི་གནས་ཚུལ་སྐོར་བཅར་འདྲི་བྱས་པ་ཡིན།
“གྲོང་ཚོ་ཡོངས་ལ་མི་222ཡོད་པའི་ནང་ནས་མི་22གྲོངས་པ་དང་། རྨས་མ་ཚང་མ་གྲོང་ཁྱེར་དང་རྫོང་སྨན་ཁང་དུ་བསྐྱལ་ཡོད། གྲོང་ཚོར་བཀོད་སྒྲིག་བྱ་ཡུལ་གཉིས་བསྐྲུན་པ་དང་གྲོང་ཚོའི་ཐང་ཆེན་དུ་གེགས་སེལ་གུར་15ཕུབ་ཡོད། གཞན་ཡང་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་ཚང་མ་སྐུལ་སློང་བྱས་ནས་ཚོགས་ཆུང་གསུམ་ལ་ཁག་བགོས་བྱས་ཏེ་གེགས་སེལ་དང་། སྐོར་གཡེང་། མེ་ཟོན། མང་ཚོགས་ལ་སེམས་གསོ་གཏོང་བ་སོགས་བྱེད་ཀྱི་ཡོད”ཅེས་ཚེ་རིང་ཕུན་ཚོགས་ཀྱིས་བཤད།
གྲོང་ཚོའི་ལས་བྱེད་པ་གཞན་དག་གིས་ངོ་སྤྲོད་བྱས་པ་བརྒྱུད་ཤེས་གསལ། ས་ཡོམ་ནང་རང་ཉིད་ཀྱི་ཨ་མ་ཚེ་ལས་འདས་རུང་ཚེ་རིང་ཕུན་ཚོགས་ཀྱིས་སེམས་ཀྱི་གདུང་བ་དྲག་པོ་ཁྱད་དུ་བསད་ནས་ཨ་མའི་རྗེས་འཇུག་གཅུང་མོར་བྱེད་དུ་བཅུག་རྗེས། རང་ཉིད་མི་སྣ་འཚོལ་སྐྱོབ་དང་བཀོད་སྒྲིག་ལས་ལ་ཞུགས།
གེགས་ཁུལ་དུ་ཐེངས་གཉིས་སྐྱོད་རིང་། ང་ལ་ཚེ་རིང་ཕུན་ཚོགས་དང་འདྲ་བའི“མིང་ཤེས་པའམ”ཡང་ན“མིང་མི་ཤེས་པའི”དཔའ་བོ་མང་པོ་ཞིག་འཕྲད་བྱུང་། ཁོང་ཚོ་འཐབ་འཛིང་པ་ཡིན་སྲིད་ལ་ལས་བྱེད་ཉེན་རྟོག་པའང་ཡིན་སྲིད། སྨན་པ་ཡིན་སྲིད་ལ་དང་བླངས་པའང་ཡིན་སྲིད། ཁོང་ཚོ་དང་གླེང་མོལ་བྱེད་རིམ་བཞིན་ཁོང་ཚོའི་ལུས་སྟེང་ནས་འཕྲོས་པའི“འོད་མདངས”དེས་ཚང་མའི་ཡིད་སེམས་འགུལ་ལ་ནམ་ཡང་བརྗེད་པར་དཀའ། ཁོང་ཚོ་དང་འདྲ་བའི་མི་འདི་དག་གིས་གེགས་ཁུལ་དུ་བརྩེ་བས་ཕྱུག་པར་བྱས་ཏེ། ང་ཚོར་སྟོབས་ཤུགས་སྦྱིན་ལ་རེ་བའང་མཐོང་དུ་བཅུག་ཡོད།
“5·12”ས་ཡོམ་སྐབས། ངས་ལེའོ་ཉིང་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་ལས་བྱེད་པ་ལང་མེང་སྐོར་གྱི་གནས་ཚུལ་སྤེལ་མྱོང་། ཡོམ་འགོག་གེགས་སེལ་ལས་འགན་གྱི་དགོས་མཁོའི་རྐྱེན་གྱིས། ཁོང་བཟའ་ཟླ་དང“དྲ་ཐོག་གཉེན་སྒྲིག”བྱེད་དགོས་བྱུང་ཡོད། ད་ཐེངས་ཀྱི་ས་ཡོམ་ཁྲོད། ཆུ་ལྷོ་ཤང་གི་ལས་བྱེད་པ་ཅུས་ཏན་འཕྲལ་མྱུར་གེགས་ཁུལ་དུ་ལོག་ནས། ཕ་ཡུལ་ཝུའུ་ཝེ་རུ་མག་པ་མ་གཏོགས་མནའ་མ་མེད་པའི་གཉེན་སྒྲིག་ཅིག་བྱེད་དགོས་འཁེལ།
གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྐྱོ་གདུང་དང་ག་བྱེད་འདི་བྱེད་མེད་པ་ཚོར་བ་མ་ཟད། ཁོང་ཚོའི་སྡུག་རུས་དང་དཔའ་ངར་ལའང་བདེན་དཔང་བྱེད་པ་དང་དུས་མཚུངས། ལོ་17གོང་དང་བསྡུར་ན། ད་ཐེངས་དིང་རིའི་ཡོམ་འགོག་གེགས་སེལ་རིང་རོགས་སྐྱོབ་བྱེད་མྱུར་བ་དང་བཀོད་སྒྲིག་བྱེད་མགྱོགས་པའི་ཐད་ལའང་བག་ཆགས་ཧ་ཅང་ཟབ་མོ་ཞིག་བྱུང་།
ས་ཡོམ་བརྒྱབ་ནས་དུས་ཡུན་རིང་པོ་མ་སོང་བར། གེགས་སེལ་དངོས་ཟོག་བྱུར་བུར་བླུགས་པའི་རླངས་འཁོར་ལྷ་ས་དང་གཞིས་རྩེ་ནས་འཚང་ཁ་ཤིག་ཤིག་ངང་ཐོན་ཡོད། ང་ཚོ་མཚན་འགྲུལ་རྒྱག་པའི་ལམ་བར་དུ། འཕྲལ་སྡོམ་རོགས་སྐྱོབ་དང་དངོས་ཟོག་སྐྱེལ་འདྲེན་གྱི་རླངས་འཁོར་ཆུ་རྒྱུན་བཞིན་ཆད་རྒྱུ་མི་འདུག གློག་བརྡ་རྒྱག་གིན་སྐྱོད་པའི་རླངས་འཁོར་གྱིས་གྲང་ངད་ཆེ་བའི་མཚན་མོར་འོད་མདངས་སྦྱིན་པ་མ་ཟད་དྲོད་འཁོལ་ཡང་སྟེར།
མཚོ་སྒང་ཤང་ཉེ་འགྲམ་གྱི་བཀོད་སྒྲིག་བྱ་ཡུལ་དུ་འབྱོར་མ་ཐག ཐུག་པ་ཚ་པོ་ཞིག་འཐུང་རྒྱུ་བྱུང་། ཐོ་རེངས་ཆུ་ཚོད་4པའི་སྐབས་སུའང་བཀོད་སྒྲིག་བྱ་ཡུལ་དུ་གློག་བཞུའི་འོད་རབ་ཏུ་གསལ་བ་དང་། གནས་སྐབས་བཟོས་པའི་ཐབ་སྟེང་གི་སྐོལ་སྣོད་ནས་ཁ་ལག་གི་དྲི་ཞིམ་ལྷང་ལྷང་དུ་འཐུལ་བ་ལས། གནོད་འཚེ་ཕོག་པའི་མང་ཚོགས་ཚོར་ག་དུས་ཡིན་ཡང་ཁ་ལག་ཚ་པོ་བཟའ་རྒྱུ་ཡོད། རུས་ཟུག་གཏོང་བའི་གྲང་རླུང་ཁྲོད། ཚ་འུར་འུར་གྱི་ཐབ་དང་ཟས་ཞིམ་པོས་མི་རྣམས་ལ་སེམས་གསོ་གཏོང་བ་དང་ཆབས་ཅིག་དྲོད་འཁོལ་ཡང་སྦྱིན།
ད་ལྟ་ཞིབ་པར་བསམས་ཚེ། ངས་སྐབས་དེ་དུས་ད་ཆའི་རྒྱལ་ཁབ་ཀྱི་འཕྲལ་སྡོམ་གེགས་སེལ་གྱི་ནུས་པར་ཚོད་དཔག་བྱ་རྒྱུ་དམའ་དྲགས་འདུག ས་ཡོམ་བརྒྱབ་ནས་ཆུ་ཚོད་2མ་སོང་བར། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཁྲི་ལྷག་ཙམ་མྱུར་དུ་རོགས་སྐྱོབ་བྱེད་པར་ཐོན་པ་དང་། ཆུ་ཚོད་7ནང་ཚུན་གནོད་འཚེ་ཕོག་པའི་མང་ཚོགས་གུར་ནང་སྡོད་ཐུབ་པ་བྱུང་བ། ཆུ་ཚོད་9མ་འགོར་བར་གནོད་འཚེ་ཚབས་ཆེན་ཕོག་ཁུལ་དུ་རིམ་གྱིས་གློག་སྤྱོད་ཐུབ་པ་བྱུང་བ། ཆུ་ཚོད་12གཡས་གཡོན་དུ། ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁག་དང་པོ་གེགས་ཁུལ་དུ་འབྱོར་བ། ཆུ་ཚོད་48ནང་འཚོལ་སྐྱོབ་དང་རོགས་སྐྱོབ་བྱེད་པ་ནས་མང་ཚོགས་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་བྱེད་པའི་བར་སྒྱུར་བ་དང་། བཀོད་སྒྲིག་བྱ་ཡུལ་187བཙུགས་ཏེ་མང་ཚོགས་ཁྲི་4.65བཀོད་སྒྲིག་བྱས་པ། ས་ཡོམ་བརྒྱབ་ནས་གཟའ་འཁོར་གཉིས་མ་སོང་བར། སྟབས་བདེའི་ཁང་པ་ཁྲི་1.3བརྒྱབ་ནས་གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ཀྱིས་དགུན་ཁ་སྒྲོལ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བཅས་བྱས་ཡོད།
ལོ་17གྱི་སྔ་རྗེས་སུ། ཡོམ་འགོག་གེགས་སྐྱོབ་ཐེངས་གཉིས་ཀྱི་འགྱུར་ལྡོག་ལས། ངས་ང་ཚོའི་ཕྱོགས་བསྡུས་རྒྱལ་སྟོབས་འཕེལ་རྒྱས་དང་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་ཕྱིན་པ་མྱོར་ཚོར་ཟབ་མོ་བྱུང་། གནོད་འཚེ་ཚབས་ཆེན་གྱི་མདུན་དུ། ང་ཚོའི་འཕྲལ་སྡོམ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད་ལ་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་གི་ནུས་པའང་སྔར་བས་ཆེ་རུ་ཕྱིན་ཡོད།
གེགས་ཁུལ་དུ་བཅར་འདྲི་བྱེད་ཐེངས་རེ་རེ་ནི་སེམས་ཁམས་ལ་སྤྲད་པའི་ཉམས་སད་རེ་རེ་ཡིན། གནོད་འཚེའི་མདུན་དུ། ཚེ་སྲོག་ནི་དེ་འདྲའི་ཉམས་ཆུང་ཞིག་རེད། ང་ཚོས་ཕན་ཚུན་རོགས་རམ་དང་དཔུང་སྒྲིལ་རོགས་རེས་ཀྱིས་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་དགོས། མི་ཡུལ་ལ་བརྩེ་བ་ལྡན་ན། རེ་བ་ནམ་ཡང་ཆད་མི་སྲིད།