གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་12ཉིན། 10:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཧོ་དབྱིན།
ལུས་རྩལ་པས་འགྲན་རར་དེ་བས་མགྱོགས་པ་དང་། དེ་བས་མཐོ་བ། དེ་བས་རྩེར་སོན། དེ་བས་མཐུན་སྒྲིལ་བཅས་བརྩོན་ལེན་གྱིས་འགལ་མེད་མཉམ་གནས་བྱེད་པ་དང་འདྲ་བར། རྒྱལ་ཁབ་མི་འདྲ་བས་རང་ངོས་འཕེལ་རྒྱས་སྟོབས་ཆེན་ཡོང་བར་བརྩོན་ལེན་བྱེད་པ་དང་ཆབས་ཅིག འགྲན་རྩོད་དང་ལྕག་སྐུལ་བྱེད་རེས་བྱས་ཏེ། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་ཐུན་མོང་ཐོག་སྐྱོད་ཆོག
འཚོག་བཞིན་པའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་དེ“གངས་འཁྱགས་ཀྱི་ཕུགས་འདུན། ཨེ་ཤེ་ཡ་སེམས་མཐུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཞི་བདེ་དང་། འཕེལ་རྒྱས། མཛའ་གཅུགས་བཅས་ལ་བཅངས་པའི་ཨེ་ཤེ་ཡའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་དང་དོན་གཉེར་འདུས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་དགའ་བསུ་ཞུ་བའི་གསོལ་སྟོན་ཐོག་ཤིས་ཚིག་བསྒྲོན་གནང་སྟེ། “བདེ་འཁོད་འཆམ་མཐུན་གྱི་ཐུན་མོང་གི་ཕུགས་འདུན་བརྟན་སྲུང”དང་། “དར་རྒྱས་གོང་འཕེལ་གྱི་ཐུན་མོང་གི་དོན་གཉེར་མཐའ་འཁྱོངས” “མཉམ་འདྲེས་དང་འཆམ་མཐུན་གྱི་ཐུན་མོང་གི་བསམ་འདུན་མངོན་འགྱུར”བཅས་བྱས་ནས་ཞི་བདེ་དང་། འཕེལ་རྒྱས། མཛའ་གཅུགས་བཅས་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ལྷག་བསམ་དང་ཆོད་སེམས་མངོན་དགོས་པའི་འབོད་སྐུལ་གནང་བ་རེད།
ཨོ་ལིམ་ཕིག་གཉེར་འགོ་ཚུགས་པ་ནས་བཟུང་། ཞི་བདེ་དང་། མཐུན་སྒྲིལ། ཡར་རྒྱས་བཅས་ལ་ནམ་ཡང་དོན་གཉེར་བྱེད་པ་མཚོན་པ་དང་། ཨོ་ལིམ་ཕིག་གི་སྙིང་སྟོབས་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དམིགས་ཚད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཕུགས་འདུན་དང་ཡོངས་སུ་འཚམ་ཡོད། སྐབས་འདིའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་གླུ་གཞས《ཨེ་ཤེ་ཡར་བཀྲག་མདངས་འཚེར》ཞེས་པ་ལས་ལུས་རྩལ་ལ་བརྟེན་ནས་ཞི་བདེ་དང་། མཐུན་སྒྲིལ། ཁོང་ཡངས་བཅས་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་མཚོན་ཡོད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོ་ཡིས་ཀྲུང་གོས་མཐུན་སྒྲིལ་མཉམ་ལས་དང་འདྲ་མཉམ་བརྩི་འཇོག་སོགས་ཀྱི་འདུ་ཤེས་དར་སྤེལ་དང་ལག་ལེན་བསྟར་ནས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་པར་བསྔགས་བརྗོད་གནང་བ་དང་། ཀྲུང་གོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ཆེ་བའི་ཐོག་ནས་འཛམ་གླིང་ཞི་བདེ་དང་། འཕེལ་རྒྱས། ཡར་རྒྱས་བཅས་ཀྱི་བྱ་གཞག་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ཞི་བདེ་ནི་གངས་འཁྱགས་ལྟར་དྭངས་གཙང་ལྷད་མེད་ཡིན་པ་དང་ཞི་བདེ་སྲུང་སྐྱོང་བྱ་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་དོན་གཉེར་ཞིག་ཡིན་པས། རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱེད་པའི་ཁ་ཕྱོགས་སུ་འགྱུར་བར་བྱེད་དགོས་ངེས་རེད། གངས་འཁྱགས་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཀྱི་འགག་རྩ་ནི་སྤྲོ་སེམས་དང་མཉམ་ལས་ལ་ཐུག་ཡོད། ལུས་རྩལ་པས་འགྲན་རར་དེ་བས་མགྱོགས་པ་དང་། དེ་བས་མཐོ་བ། དེ་བས་རྩེར་སོན། དེ་བས་མཐུན་སྒྲིལ་བཅས་བརྩོན་ལེན་གྱིས་འགལ་མེད་མཉམ་གནས་བྱེད་པ་དང་འདྲ་བར། རྒྱལ་ཁབ་མི་འདྲ་བས་རང་ངོས་འཕེལ་རྒྱས་སྟོབས་ཆེན་ཡོང་བར་བརྩོན་ལེན་བྱེད་པ་དང་ཆབས་ཅིག འགྲན་རྩོད་དང་ལྕག་སྐུལ་བྱེད་རེས་བྱས་ཏེ། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་ཐུན་མོང་ཐོག་སྐྱོད་ཆོག དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་འཕེལ་རྒྱས་ཀྱི་ལས་འགན་མདུན་དུ་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པ་དང་འཕེལ་རྒྱས་དོན་གཉེར་མཉམ་དུ་བྱས་ན། ད་གཟོད་གཉིས་ཁེའི་སྒོ་ངའི་བག་ལེབ་ཆེ་རུ་གཏོང་ཐུབ་ནས་མིའི་རིགས་ཡོངས་ཀྱི་བདེ་རྩ་ཆེ་རུ་གཏོང་ཐུབ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གི་མདུན་དུ་རྒྱལ་ཁབ་ཁག་གིས་དེ་བས་རྒྱ་ཁྱབ་ཀྱི་མཉམ་ལས་བྱས་ནས་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་རྒྱལ་ཁབ་ཁག་ཚང་མས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་དོར་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་ལ་ཐུན་མོང་ཐོག་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཏེ། ཀུན་ཕན་དང་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྒུལ་ཤུགས་སྣོན་དགོས།
ཁ་བའི་འདབ་མར་བཟོ་ལྟ་འདྲ་མིན་སྣ་ཚོགས་ཡོད་ལ། ཤེས་དཔལ་མི་འདྲ་བར་ཡང་སོ་སོའི་ཉམས་འགྱུར་ལོས་ཡོད། ཤེས་དཔལ་ཚང་མ་རང་སོ་སོ་འཚོ་གནས་ཀྱི་ས་རྒྱུའི་ནང་རྩ་བ་ཚུགས་ནས། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་སྤྱིར་བཏང་མ་ཡིན་པའི་བློ་གྲོས་དང་བསམ་པའི་དོན་གཉེར་གཅིག་ཏུ་འདུས་ཡོད་པས། ཚང་མར་རང་ཉིད་གནས་པའི་རིན་ཐང་ལྡན་ཡོད། རྒྱལ་ཁབ་ཁག་གིས་འདྲ་མཉམ་དང་བརྩི་འཇོག་རྒྱུན་འཁྱོངས་བྱས་ཏེ་ཤེས་དཔལ་མི་འདྲ་བ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱེད་པ་དང་། མཐུན་འགྲོགས་མཉམ་གནས་ལ་སྐུལ་འདེད་གཏོང་དགོས། སྐབས་འདིའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ལྷུ་ཚིགས་སུ་ཞབས་བྲོ་བ་ཚོས་ཨེ་ཤེ་ཡའི་ཁྱད་ཆོས་ལྡན་པའི་གོས་རྒྱན་སྤྲས་ཏེ་སྤྲོ་བས་ཕྱུག་པའི་ཞབས་བྲོའི་ཉམས་འགྱུར་ཐོག་ནས་རང་གི་མཛེས་ཉམས་ངོམས་པ་དང་། ཧར་པིན་གངས་འཁྱགས་ཞིང་ཁམས་སུ་ཀྲུང་གོའི་མཆོད་སྟེགས་དང་། རྒྱ་གར་གྱི་ཐའེ་ཅི་བང་སོ། སིང་ཀ་ཕོར་གྱི་ཉ་མཇུག་སེང་གེ་སོགས་ས་ཁམས་ཀྱི་མཚོན་རྟགས་སྐྲུན་དངོས་ཀྱི་བཟོ་དབྱིབས་ཕན་ཚུན་སྤེལ་ཟླར་གྱུར་ཡོད། དེ་དག་ཚང་མ་ནི་ཨེ་ཤེ་ཡའི་ཤེས་དཔལ་ཕྱོགས་བསྡུས་མཉམ་གསོག་དང་། བཟང་ཆ་བསྡུ་ལེན། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་ཅི་ལ་མིན། ཨེ་ཤེ་ཡའི་གངས་འཁྱགས་ལུས་རྩལ་པས་སུང་ཧྭ་གཙང་པོའི་འགྲམ་དུ་ཕུགས་འདུན་དོན་གཉེར་དང་མཛའ་མཐུན་སྤེལ་རེས་བྱས་པ་དེས་ཨེ་ཤེ་ཡར་དབང་བའི“ལྟེ་མཐུན་སྒོར་དབྱིབས་”མཉམ་དུ་བརྐོས་ཡོད། ཐེ་ལན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་དང་ཐེ་ལན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་སུའུ་ཕི་ཧྲི·སཱ་མའེ་ཤིས་ཐུའོ་ཡིས། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ནི་ལུས་རྩལ་འགྲན་བསྡུར་ཞིག་ཡིན་པ་མ་ཟད། ཨེ་ཤེ་ཡའི་རྒྱལ་ཁབ(ས་ཁུལ)ཁག་གིས་རང་ཉིད་ཀྱི་རིག་གནས་འགྲེམས་སྟོན་དང་ཕན་ཚུན་བསམ་ཤེས་ཇེ་ཟབ་ཏུ་གཏོང་བའི་གོ་སྐབས་ཡག་པོ་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱས་ཡོད།
“ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ནི་གློག་སྒྲོན་རེ་རེ་དང་འདྲ་ཞིང་། གློག་སྒྲོན་དེ་དག་སྦྲེལ་མཐུད་བྱས་ན་གཞི་ནས་ཨེ་ཤེ་ཡའི་མཚན་མོའི་མཁའ་དབྱིངས་སུ་གློག་འོད་ཆེམ་ཆེམ་དུ་འཕྲོ་སྲིད” སུང་ཧྭ་གཙང་པོའི་འགྲམ་དུ་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ལམ་ལམ་དུ་འབར་བཞིན་མཆིས། ཀྲུང་གོས་འཛམ་གླིང་ལ་ངོ་མཚར་ཆེ་བའི་གངས་འཁྱགས་ལུས་རྩལ་གྱི་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་ནས་ཕྱོགས་ཁག་དང་མཉམ་དུ་ལག་གདང་སྦྲེལ་ཏེ་མཛེས་སྡུག་ལྡན་ལ་བརྗེད་པར་དཀའ་བའི་གངས་འཁྱགས་ཀྱི་དྲན་གསོ་ཟབ་མོ་བཞག་སྟེ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་རྒྱལ་ཁབ་ཁག་གི་མཐུན་སྒྲིལ་མཉམ་ལས་དང་གཉིས་ཕན་གཉིས་ཁེར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།