འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་12ཉིན།

༄༅།།ཡུན་ནན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་སྤུས་ཚད་མཐོ་པོས་འཛུགས་གཏོད་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་12ཉིན། 10:31】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲུའུ་སི་ཞུང་དང་། དབྱང་ཝུན་མིང་། ལི་མའོ་དབྱིང་།

དུང་བརྡ་གྲགས་པ་དང་བཅས་འགྲུལ་པ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་བྱུར་བུར་བླུགས་པའི“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ཞིག་གངས་ལྗོངས་ས་མཐོ་ནས་ལྷོ་ཕྱོགས་སུ་ཐོན།

2023ལོའི་ཟླ་11པར། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རུ་མེ་འཁོར་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བོད་རིགས་གཞོན་ནུ་བཀྲ་ཤིས་འཕྲིན་ལས་ཀྱིས“ལོ་གཅིག་ལྷག་ཙམ་རིང་ང་ཚོའི་བེ་ཤ་དང་ལྕ་རྒོད་སོགས་ཞིང་ལས་ཐོན་རྫས་མེ་འཁོར་དུ་བླུགས་ཏེ་ས་མཐོ་ནས་ཐོན་པས་ཕ་ཡུལ་ལ་ཉིན་རེ་བཞིན་འགྱུར་ལྡོག་གསར་པ་འགྲོ་བཞིན་ཡོད”ཅེས་བཤད།

ཡུན་ནན་ནི་གྲངས་ཉུང་མི་རིགས་མང་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་པ་དང་དེ་ནི་ཀྲུང་གོའི་མི་རིགས་མང་བའི་ཁྱིམ་ཚང་ཆེན་པོའི་བསྡུས་རིས་ཤིག་རེད།

“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས”ཞེས་པ་དང“རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྣེ་ཁྲིད་པ། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཁྱབ་འགྱེད་ཐུབ་པའི་ལྟེ་གནས་བཅས་འཛུགས་སྐྲུན་ཐད་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་ཡོང་བར་འབད་བརྩོན་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2015ལོ་དང་2020ལོར་ཡུན་ནན་དུ་རྟོག་ཞིབ་ཐེངས་གཉིས་གནང་ནས་དུས་རབས་གསར་པའི་ཡུན་ནན་གྱི་མི་རིགས་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།

མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཡུན་ནན་གྱིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་སུ་མཉམ་འདྲེས་བྱས་ཏེ“ཡལ་རྒྱས་སྡོང་སྦོམ”དང“སེ་འབྲུ་དམར་པོ”སོགས་གཙོ་གནད་ལས་གྲྭ་གསར་གཏོད་ལག་བསྟར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་སྤུས་ཚད་མཐོ་པོས་འཛུགས་གཏོད་བྱས་ཡོད། ལོ་10ཡི་རིང་ཡུན་ནན་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.2ཟིན་པ་དེ་2015ལོའི་ལྡབ་2.2ཡིན་པ་དང་ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པ་137འཛུགས་གཏོད་བྱས་པ་རེད།

མི་རིགས་ཁག་གི་མང་ཚོགས་ཀྱི་དེང་རབས་ཅན་དུ་སྐྱོད་པའི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ——

“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་མི་རིགས་གཅིག་ཀྱང་ལུས་མི་རུང” ཡུན་ནན་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དེ་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་ལྡེ་མིག་ཨ་མར་བརྩིས་ནས་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་འཕེལ་རྒྱས་ཀྱི་ཞན་ཆ་རྒྱུན་ཆད་མེད་པར་བསལ་ཡོད།

མིག་སྔའི་བར། ཡུན་ནན་ཞིང་ཆེན་གྱི་མི་རིགས་ས་ཁུལ་དུ་མཁའ་ལམ་ཤར་གཏོང་ཐུབ་པའི་གནམ་ཐང་11ཡོད་པ་དང་། མི་རིགས་རང་སྐྱོང་ཀྲོའུ་6ལ་མྱུར་བགྲོད་ལྕགས་ལམ་མམ་ཡང་ན་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་པ། མི་རིགས་རང་སྐྱོང་ས་གནས་དང་རྫོང་78ཚང་མར་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་པ། ཤང(གྲོང་རྡལ)དང་སྲིད་འཛིན་གྲོང་ཚོ་100%ལ་མཁྲེགས་ལམ་དང་། སྦྲག་སྐྱེལ། དྲ་རྒྱ་བཅས་ཤར་གཏོང་ཐུབ་པ། མཐའ་མཚམས་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་374དེང་རབས་ཅན་གྱི་མཐའ་མཚམས་བདེ་སྐྱིད་གྲོང་ཚོར་བསྐྲུན་པ་བཅས་རེད།

མི་རིགས་ཁག་གི་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ——

“མི་རིགས་ཁག་ཚང་མ་ཁྱིམ་ཚང་གཅིག་ལྟར་ཡིན་པས་ནང་མི་ཚང་མ་འཚོ་བ་ཡག་པོ་སྐྱེལ་དགོས”ཡུན་ནན་གྱིས་ཐོན་ཁུངས་དཔལ་འབྱོར་དང་། གླིང་ཁུལ་དཔལ་འབྱོར། འགག་སྒོའི་དཔལ་འབྱོར་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཐོན་ལས་དེ་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཏེ“རྫོང་གཅིག་ལ་ཐོན་ལས་གཅིག”གི་དཔེ་སྟོན་རྫོང་འཛུགས་གཏོད་དང་ཁྱད་ལྡན་རྫོང་སྐྱེད་སྲིང་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཤང་གྲོང་དང་དཔེ་སྟོན་གྲོང་ཚོར“གྲོང་ཚོ་གཅིག་ལ་ཐོན་རྫས་གཅིག་དང་ཤང་གཅིག་ལ་ཐོན་ལས་གཅིག”གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གཞི་རྩའི་ཆ་ནས་ཆགས་ཡོད།

ཏེ་ཧུང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཀྲོའུ་མང་གྲོང་ཁྱེར་སན་ཐའེ་ཧྲན་ཏེ་ཨང་རིགས་ཤང་གིས“སྐྱུར་ཇའི”ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་དང་། ཀྲའོ་ཐུང་གྲོང་ཁྱེར་དབྱི་ལིའང་རྫོང་ཏ་མེའོ་ཀྲའེ་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་དང་ཀོག་ཧྥེ་ཁང་ལ་སོགས་གཉེར་སྐྱོང་བྱས་པ་དང་ཆུ་རྩེད་དུས་ཆེན་དང་དཔལ་འབར་དུས་ཆེན་སོགས་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཟབ་མོ་ལྡན་པའི་ཡུལ་སྐོར་སྤུས་རྟགས་བཏོད་དེ། ཡུན་ནན་གྱིས་མི་རིགས་གྲོང་ཚོ་660ཡི་ཡུལ་སྐོར་རིམ་སྤོར་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་ལེགས་གྲུབ་ཟིན་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་ཁར་ཡོང་འབབ་གསོག་བཞིན་ཡོད།

མི་རིགས་གཅིག་ལ་བྱ་སྤྱོད་འཆར་གཞི་གཅིག་ཡོད་ཅིང་། ཡུན་ནན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གྲོང་གསེབ་དར་རྒྱས་ཟུང་འབྲེལ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་མོས་སེམས་ཟབ་ཏུ་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་དབུལ་ཕོངས་ཀྱི་གནས་ལས་རྦད་དེ་སྒྲོལ་བ་དང་མི་རིགས་ཁག་གི་མང་ཚོགས་ཚོས་འཚོ་བ་དེ་བས་ལེགས་པ་སྐྱེལ་རྒྱུར་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད།

མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ——

བོད་ཁྱིམ་སྒོ་ར་ཆུང་ངུར་པའེ་རིགས་ཀྱི་སྒྲིལ་ཚོས་སྐམ་ཡོད་པ་དང་ཁྲོམ་གཞུང་དུ་དབྱི་རིགས་ཀྱི་གླང་མགོའི་རྒྱན་ཆས་དང་འཇང་རིགས་ཀྱི་སྟོན་པའི་ཡི་གེའི་ཚོན་རིས་སོགས་མི་རིགས་མང་པོའི་ཁྱད་ཆོས་སྣ་ཚོགས་འདྲེས་ཡོད། ཏ་ལིའི་པའེ་རིགས་རང་སྐྱོང་ཀྲོའུ་ཨེར་ཡོན་རྫོང་ཀྲེང་ཅ་ཀྲོང་གྲོང་ཚོར་རྒྱ་རིགས་དང་། པའེ་རིགས། དབྱི་རིགས། བོད་རིགས། འཇང་རིགས། ཏའེ་རིགས། ལི་སུའུ་རིགས་བཅས་མི་རིགས་བདུན་གྱི་དུད་ཚང་170ལྷག་ཙམ་འཆམ་མཐུན་ངང་མཉམ་དུ་འཚོ་སྡོད་བྱེད་བཞིན་ཡོད་ཅིང་། ཚང་མ་ཉ་ཆུ་ལྟར་བརྩེ་བ་ཟབ་མོ་ཡོད་ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧོ་གོ་ཞང་གིས་བཤད།

ཡུན་ནན་ཞིང་ཆེན་གྱིས“སེ་འབྲུ་དམར་པོའི”འདུ་འགོད་གསར་གཏོད་ལག་བསྟར་བྱས་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི“འཆར་གཞི་གསུམ”ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་མི་རིགས་ཁག་ཕྱོགས་ཡོངས་ནས་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ནས། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ལོ་དྲུག་བསྟུད་མར་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྤུས་ལེགས་ཀྱི་འདུ་འགོད་རྣམ་གྲངས་ཞིང་ཆེན་སྲིད་གཞུང་གི་དམངས་ཕན་དོན་དངོས་10ཡི་ནང་བཅུག་པ་ལ་སོགས་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ཡོད།

(བསོད་བདེ་ཆེ་བས་བསྒྱུར། པད་ཆོས་ཀྱིས་ཞུས)