མི་ཁྲི་2000ལྷག་ཙམ་གྱིས་གྲངས་འཛིན་ཐོན་རྫས་གསར་པ་ཉོ་སྒྲུབ་ཀྱི་ཁ་གསབ་རེ་ཞུ་བྱས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་12ཉིན། 10:36】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
▲ རྒྱལ་ཡོངས་ཀྱི་ཚོང་དུད་6000ལྷག་ཙམ་གྱིས་དངུལ་འབྲེལ་བརྒྱུད་ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་གསར་པ་ཉོ་སྒྲུབ་ཀྱི་ཁ་གསབ་བྱེད་སྒོར་ཞུགས་ནས་ཁ་གསབ་ཉོ་ཚོང་ཁྲི་626.84བྱས་པ་དང་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་205.8ཙམ་བྱུང་ཡོད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར། རྒྱལ་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་བརྗེས་དང་ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་གསར་པ་ཉོ་སྒྲུབ་ཀྱི་གྲངས་གཞིའི་ལས་སྟེགས་ལས་མངོན་པར། ཟླ་1ཚེས་20ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་ཟླ་2ཚེས་8ཉིན་གྱི་ཆུ་ཚོད་24བར། འཛད་སྤྱོད་པ་ཁྲི་2009.2ཀྱིས་ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་གསར་པ་ཁྲི་2541.4ཉོ་སྒྲུབ་ཀྱི་ཁ་གསབ་རེ་ཞུ་བྱས་པ་རེད།
ཟླ་1ཚེས་15ཉིན། ཚོང་དོན་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《ལག་ཐོགས་ཁ་པར་དང་། ངོས་ལེབ་གློག་ཀླད། རིག་ནུས་ཆུ་ཚོད(ལག་གདུབ)གསར་པ་ཉོ་སྒྲུབ་ཀྱི་ཁ་གསབ་ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས་པ་རེད། ཟླ་1ཚེས་20ཉིན་ཞིང་ཆེན་28ཀྱིས་དུས་ཐོག་ཏུ་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ་དང་ས་ཁུལ་གཞན་དག་གིས་ཀྱང་སྔ་རྗེས་སུ་ལག་བསྟར་བྱས་པ་རེད།
ཁ་གསབ་སྲིད་ཇུས་ཀྱིས་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཤིང་། ཀྲུང་གོ་དངུལ་འབྲེལ་ལྷན་ཚོགས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞིར་གཞིགས་ན། རྒྱལ་ཡོངས་ཀྱི་ཚོང་དུད་6000ལྷག་ཙམ་གྱིས་དངུལ་འབྲེལ་བརྒྱུད་ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་གསར་པ་ཉོ་སྒྲུབ་ཀྱི་ཁ་གསབ་བྱེད་སྒོར་ཞུགས་ནས་ཁ་གསབ་ཉོ་ཚོང་ཁྲི་626.84བྱས་པ་དང་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་205.8ཙམ་བྱུང་ཡོད། ཕྱོགས་གསུམ་པའི་ཁྲོམ་རའི་བརྟག་དཔྱད་སྒྲིག་གཞིའི་གྲངས་གཞི་ལས་མངོན་པར། གྲངས་འཛིན་ཐོན་རྫས་གསར་པ་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་ཀྱིས་ལག་ཐོགས་ཁ་པར་ཁྲོམ་རའི་གྲངས་འབོར་དང་དངུལ་འབོར་མཉམ་འཕར་ལ་སྐུལ་ཁྲིད་བྱས་པ་དང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) དཔྱིད་གསར་དུས་ཆེན་གོང་གི་གཟའ་འཁོར་གཅིག་ནང་། ལག་ཐོགས་ཁ་པར་བྲིན་ཚོང་བྱེད་ཚད་དང་བྲིན་ཚོང་དངུལ་འབོར་ཟླ་སྡུར་74%དང་65%སོ་སོར་འཕར་བ་དང་། དུས་མཚུངས་ལས་30%དང་34%སོ་སོར་འཕར་ཡོད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས་སྒོར་2000མན་དང་། སྒོར་2000ནས་4000བར། སྒོར་4000ནས་6000བར་བཅས་ཀྱི་ལག་ཐོགས་ཁ་པར་བྲིན་ཚོང་བྱེད་ཚད་ལོ་གོང་མའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་དང་བསྡུར་ན་10%དང་། 52% 108%བཅས་སོ་སོར་འཕར་ཡོད།
ཚོང་དོན་པུའུ་ཡིས་ཁ་གསབ་སྲིད་ཇུས་ཀྱི་ཉེན་ཁ་སྔོན་འགོག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། རྒྱལ་ཡོངས་ཀྱི་ཚོང་དོན་མ་ལག་གིས་ཕྱོགས་མང་པོའི་ཐད་ནས་ཆ་འཕྲིན་གཞི་གྲངས་མཛོད་བཙུགས་ནས་ཉོ་མཁན་གྱི་ཐོབ་ཐང་ཆ་འཕྲིན་དང་ཁ་གསབ་ཉོ་ཚོང་གི་དོན་དངོས་རང་བཞིན་ལ་སྐབས་བསྟུན་ཞིབ་བཤེར་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མ་དངུལ་སྤྱོད་པའི་ཉེན་ཁར་ལྟ་སྐུལ་ཚོད་འཛིན་བྱས་ནས་ཉོ་ཚོང་རེ་རེ་དོན་དངོས་དང་། གདུབ་ཟུམ། རྗེས་སྙེག་ཆོག་པ་བཅས་འགན་ལེན་བྱས་ཡོད། ལག་ཐོགས་ཁ་པར་ཐོན་སྐྱེད་དང་ཕྱིར་འཚོང་ཁེ་ལས་ཀྱིས་དང་ལེན་ཧུར་ཐག་ཞུས་ནས་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ཐད་ཀའི་འགན་འཁྲི་བསྒྲུབས་ཤིང་། འགུལ་རྣམ་བཀའ་བརྡའི་རྟགས་འགོད་རྩིས་ལེན་དང་ཟོག་འགྲེམས་བསྐུར་ཤུལ་ཞིབ་བཤེར་སོགས་ལག་རྩལ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་ཏེ། ཉེན་ཁ་ཚོད་འཛིན་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཉོ་ཚོང་རྫུན་མ་སྔོན་འགོག་བྱས་ཡོད།
(པ་སངས་ཕན་ཐོགས་ཀྱིས་སྒྱུར་ཞུས་བྱས)