གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་13ཉིན། 13:54】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་ཙུང་ཐུང་མུའུ་པེན་པཱ་ལ་གློག་འཕྲིན་བཏང་ནས་ན་སྨི་པི་ཡའི་རྒྱལ་ཁབ་གསར་འཛུགས་ཀྱི་ཙུང་ཐུང་ནུའུ་ཆའོ་མཱ་སྐུ་གཤེགས་པར་མྱ་ངན་ཞུས་ཏེ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་མྱ་ངན་ཟབ་མོ་ཞུས་པ་དང་། ཙུང་ཐུང་ཟུར་པ་ནུའུ་ཆའོ་མཱ་ཡི་གཉེན་ཉེ་དང་ན་སྨི་པི་ཡའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
ཞི་ཅིན་ཕིང་གིས། ཙུང་ཐུང་ཟུར་པ་ནུའུ་ཆའོ་མཱ་ནི་ཨ་ཧྥེ་རི་ཁའི་ཆབ་སྲིད་མཁས་ཅན་དང་གསར་བརྗེ་མཁས་ཅན་རྒན་རབས་ཤིག་ཡིན་ཞིང་། དེ་སྔ་ན་སྨི་པི་ཡའི་མི་དམངས་ཀྱི་སྣེ་ཁྲིད་དེ་མི་རིགས་རང་བཙན་བཅིངས་འགྲོལ་དོན་གཉེར་དང་མངོན་འགྱུར་བྱས་པ་དང་། རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། ཁོང་སྐུ་འཚོ་ཞུགས་སྐབས་ཀྲུང་གོ་དང་མཛའ་གྲོགས་ཧ་ཅང་ཟབ་མོ་གནང་སྟེ་ཀྲུང་ན་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དང་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཁོང་སྐུ་གཤེགས་པ་ནི་ན་སྨི་པི་ཡའི་མི་དམངས་ཀྱི་གྱོང་གུན་ཆེན་པོ་ཞིག་རེད་ལ། ཀྲུང་གོའི་མི་དམངས་ལའང་གྲོགས་པོ་རྙིང་པ་ཞིག་དང་གྲོགས་པོ་བཟང་པོ་ཞིག་མེད་པར་གྱུར་ཡོད། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ན་རྒྱལ་ཁབ་གཉིས་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་ཧ་ཅང་གཅེས་སྤྲས་བྱེད་ཀྱི་ཡོད་པས་ཕྱོགས་གཉིས་པོའི་ཐུན་མོང་འབད་འཐབ་འོག་ཀྲུང་ན་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་པ་རེད།
(རིག་རྡོར་གྱིས་བསྒྱུར། སྒྲོན་ལགས་དང་རིག་རྡོར་གྱིས་ཞུས)