འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་14ཉིན།

ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་མེན་ཉིང་གྲོང་རྡལ་གྱིས་ལྗང་མདོག་གློག་ཤུགས་འཕེལ་རྒྱས་བཏང་ནས་འབབ་འཕར་ཕྱུག་འགྱུར་གྱི་བར་མཐོངས་གསར་པ་བཏོད་པ།

༄༅།།སྔོན་མའི་བྱེ་ཐང་སྔོ་སིང་སིང་གི་ན་ཁར་གྱུར་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་14ཉིན། 10:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    དཔྱིད་དུས་སུ་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་མེན་ཉིང་གྲོང་རྡལ་དུ་བྱང་རླུང་འུར་འུར་དུ་ལྡང་མོད། ལྡུམ་རའི་ལག་རྩལ་གྲོང་ཚོའི་གྲོང་མི་ཏོན་ཀྲི་ཞུང་གི་ཁྱིམ་དུ་འཛུལ་སྐབས་ཚ་སོབ་སོབ་ཡོད་པས་སྟོད་གོས་ཕུད་དགོས་བྱུང་།

     ན་ནིང་ལོ་མཇུག་ཏུ་མེན་ཉིང་གྲོང་རྡལ་དུ་དགུན་དུས་ནུས་རྒྱུ་གཙང་མའི་དྲོད་ལེན་རྣམ་གྲངས་ལག་བསྟར་བྱས་ཏེ་ཞིང་དུད་3341རྡོ་སོལ་འབུད་པ་ནས་གློག་ལ་བརྟེན་ནས་དྲོད་ལེན་པར་བསྒྱུར་ཡོད། ཏོན་ཀྲི་ཞུང་གིས་ཀྱང་ཁྱོན་སྒོར་1500སྤྲད་དེ་ཁྱིམ་དུ་དྲོད་རླུང་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་རེད། “གློག་རིན་ཡང་རྡོ་སོལ་གྱི་རིན་གོང་ལས་ཁེ་བ་མ་ཟད། གཙང་ལ་དངུལ་ཡང་གྲོན་ཆུང་ཐུབ་སོང”ཞེས་ཏོན་ཀྲི་ཞུང་གིས་བཤད།

    གློག་གང་ནས་གཏོང་གི་ཡོད་དམ། མེན་ཉིང་གྲོང་རྡལ་མཐའ་འཁོར་གྱི་བྱེ་ཐང་དུ་རླུང་གློག་འཕྲུལ་ཆས་འགྱིང་ངེར་གནས་པ་དང་འོད་གློག་གི་ཤེལ་ལེབ་གྲལ་སྟར་བསྒྲིགས་ནས་ཡོད། ན་ནིང་ལོ་མཇུག་ཏུ་ལོ་གཅིག་དང་ཕྱེད་ཀ་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད་མེན་ཉིང་གྲོང་རྡལ“ལྗང་མདོག་གློག་གཏོང་གྲོང་རྡལ་ཆུང་ངུར”བསྐྲུན་པ་དང“ཁུལ་ཁོངས་ཀྱི་ནུས་རྒྱུ་གསར་པ་སྤྱོད་ཚད་100%ཙམ་ཟིན་པ་དང་ཆུ་ཚོད་24གློག་གཏོང་ཐུབ་ཀྱི་ཡོད”ཅེས་རྒྱལ་ཁབ་གློག་དྲ་དབྱིན་ཁྲོན་གློག་གཏོང་ཀུང་སིའི་སྤྱི་ཚོགས་འཕེལ་རྒྱས་པུའུ་ཡི་ལས་དོན་པ་ཧོ་ཤིན་ཨན་གྱིས་བཤད།

    2025ལོར་མེན་ཉིང་གྲོང་རྡལ་གྱིས་ཞིང་དུད་ཚང་མ་རྡོ་སོལ་འབུད་པ་ནས་གློག་གཏོང་བར་བསྒྱུར་ཏེ་ནུས་རྒྱུ་གཙང་མའི་དྲོད་ལེན་ཐུབ་པ་བྱ་རྒྱུ་ཡིན་པས། སྐབས་དེ་དུས་མེན་ཉིང་གྲོང་རྡལ་གྱིས་རྡོ་སོལ་འབུད་ནས་དྲོད་ལེན་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་རྒྱུ་རེད།

    ལྗང་མདོག་གློག་ཤུགས་ཀྱིས་གྲོང་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་བ་མ་ཟད། ད་དུང་འབབ་འཕར་ཕྱུག་འགྱུར་གྱི་བར་མཐོངས་གསར་པའང་བཏོད་ཡོད། སྔོན་མའི་བྱེ་ཐང་ད་ཆ་སྔོ་སིང་སིང་གི་ན་ཁར་གྱུར་ཡོད། མེན་ཉིང་གྲོང་རྡལ་གྱིས་ཉི་ནུས་དང་རླུང་ནུས་སོགས་ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མ་གང་ལེགས་སྤྱད་དེ་གྲོང་གསེབ་ཀྱི་ཐོན་ལས་རིམ་སྤོར་དང་མི་སེར་གྱི་འབབ་འཕར་ལ་སྣེ་ཁྲིད་བྱས་ཡོད། 1997ལོར་མེན་ཉིང་གྲོང་རྡལ་གྱི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་500ཟིན་པ་དང་2024ལོར་སྔོན་དཔག་བྱས་ན་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.9ཟིན་བཟོ་ཡོད།

    དགུན་ཁ་འདིར་ཧྥུའུ་ཉིང་གྲོང་ཚོའི་གྲོང་མི་ཀའོ་ཡུས་ཤང་གི་ཁྱིམ་དུ་དྲོད་སོབ་སོབ་ཡོད། ན་ནིང་ཡོང་འབབ་འཕར་བ་མ་ཟད། བུ་རྒན་པའང་ཕྱི་ནས་ཕ་ཡུལ་དུ་ལས་གཏོད་བྱེད་པར་ལོག་ཡོད། ད་ཆ་ཀའོ་ཡུས་ཤང་གིས་ནུས་གསར་རླངས་འཁོར་ཆུང་ཆུང་ཞིག་ཉོ་རྩིས་ཡོད། ཁོང་གིས“ད་ཆ་གྲོང་རྡལ་དུ་གློག་སྡོང་མི་ཉུང་བ་ཞིག་འདུག་པས་སྟབས་བདེ་ཡོང་ངེས་རེད”ཅེས་བཤད།