འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་14ཉིན།

༄༅།།རི་ནེ་ཝའི་རྒྱ་ཡིག་སློབ་གྲྭར་དཔྱིད་གསར་དུས་ཆེན་གཏོང་བ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཡ་ནན། མཱ་རུའུ་ཤོན། ལན་དབྱི།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་14ཉིན། 10:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཚེས་9ཉིན་གྱི་ཕྱི་དྲོར། རི་ནེ་ཝའི་རྒྱ་ཡིག་སློབ་གྲྭར་འཚོགས་པའི་2025ལོའི་སྦྲུལ་ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་འདུ་ཚོགས་ཐོག་སློབ་གྲོགས་གཉིས་ཀྱིས་དྲི་བ་དྲིས་ལན་གྱི་ཚུལ་དུ་བྱས་ནས་ས་གནས་ས་ཐོག་གི་མི་ཚང་མའི་བསམ་ཚུལ་བརྗོད་དེ་དགའ་སྤྲོའི་རྣམ་པས་ཁེངས། སྒེའུ་ཁུང་གི་ཕྱི་རོལ་ནི་རི་ནེ་ཝར་མཐོང་དཀོན་པའི་དགུན་དུས་ཀྱི་དྲོ་འཇམ་ཉི་འོད་ཡིན་པ་དང་ཁང་པའི་ནང་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་གཏོང་མཁན་ཀྲུང་གོ་དང་ཕྱི་རྒྱལ་གྱི་གྲོགས་པོ་མང་པོ་ཡོད་པ་རེད།

    རི་ནེ་ཝའི་རྒྱ་ཡིག་སློབ་གྲྭའི་སློབ་སྤྱི་ཀྲང་ཅུན་ལིང་གིས། “དཔྱིད་གསར་དུས་ཆེན་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་རིག་གནས་ལོ་རྒྱུས་ལྡན་ཡོད། དེ་ནི་གོ་ལ་ཧྲིལ་པོའི་ཀྲུང་གོ་བ་འབྲེལ་མཐུད་བྱེད་པའི་བསམ་པའི་སྒྲོག་ཐག་ཅིག་རེད། ང་ཚོའི་སློབ་གྲྭས་ལོ་ལྟར་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་བཀྲ་ཤིས་པའི་སྲོལ་རྒྱུན་གྱི་དུས་ཆེན་དེར་རྟེན་འབྲེལ་ཞུ་ཡི་ཡོད”ཅེས་བརྗོད།

    ད་ལོའི་མཉམ་སྤྲོའི་འདུ་ཚོགས་ཡག་པོ་འཚོག་ཆེད། སློབ་གྲྭ་ཡོངས་ཀྱི་དགེ་རྒན་10ལྷག་ཙམ་དང་སློབ་མ་དང་ཁྱིམ་བདག་100ལྷག་ཙམ་གྱིས་ལེ་ཚན་20ལྷག་ཙམ་གྲ་སྒྲིག་ཨང་གསར་བྱས་ཡོད། དེ་སྔ་དང་མི་འདྲ་བར་འདི་ལོ་ནི་ཚང་མ་སློབ་མས་གཙོ་སྐྱོང་བྱེད་ཐེངས་དང་པོ་ཡིན་པ་རེད། གཙོ་སྐྱོང་བ་ཆུང་ཆུང་དྲུག་གིས་ཀྲུང་གོ་དང་ཧྥ་རན་སེའི་སྐད་ཡིག་གཉིས་ཀྱི་ཐོག་ནས་མཉམ་སྤྲོའི་འདུ་ཚོགས་འཁྲུག་ཆ་དོད་པོར་གྱུར་བ་བྱས་ཡོད།

    ཀྲང་ཅུན་ལིང་གིས། “འདི་ལོ་ནི་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་རེ་ཞུ་ལེགས་གྲུབ་བྱུང་རྗེས་ཀྱི་དཔྱིད་གསར་དུས་ཆེན་དང་པོ་ཡིན་པས། ང་ཚོར་ཧ་ཅང་དམིགས་བསལ་གྱི་ཚོར་སྣང་ཞིག་བྱུང་། གང་ལགས་ཤེ་ན། དཔྱིད་གསར་དུས་ཆེན་ནི་ཀྲུང་གོར་གཏོགས་པ་མ་ཟད། འཛམ་གླིང་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས་རེད”ཅེས་བརྗོད།

    མཉམ་སྤྲོའི་འདུ་ཚོགས་ཀྱི་ས་གནས་ས་ཐོག་དུ་འབྱོར་བའི་ལྟད་མོ་བ་300ལྷག་ཙམ་གྱི་ཁྲོད་ནས་གསར་འགོད་པས་ཕྱི་རྒྱལ་གྱི་གྲོགས་པོ་ཆུང་ཆུང་མི་ཉུང་བ་ཞིག་ནི་སྤུན་ཟླ་དང་གཅེན་གཅུང་མཉམ་དུ་ཡོང་བ་མ་ཟད། ཚང་མས་རྒྱ་སྐད་ཚིག་ཁ་ཤས་ཤོད་ཤེས་པ་ཤེས་རྟོགས་བྱུང་།

     མཱ་ཏི་ཡ་སི་དང་ཝེ་ལཱ་ནི་སུའེ་ཙེར་གྱི་གཅེན་གཅུང་གཉིས་ཡིན་ཞིང་། གཅེན་པོས་ཀི་ཐར་རྐྱང་དཀྲོལ་བྱས་པ་དང་གཅུང་མོས་མཉམ་གཞས་ནང་ཞུགས་པ་རེད། གཅེན་གཅུང་གཉིས་ཀྱིས་རྒྱ་སྐད་ཐོག་ནས་ཚང་མར“ལོ་གསར་བཀྲ་ཤིས་བདེ་ལེགས”ཞུས་པ་དང་། གཅུང་མོས་ད་དུང“ང་ཀྲུང་གོའི་རིག་གནས་དང་ཀྲུང་གོའི་སྐད་ལ་དགའ་པོ་ཡོད”ཅེས་བརྩེ་བ་ཟབ་མོས་བརྗོད། རྒྱ་ཡིག་སྦྱོང་དོན་གང་ཡིན་པའི་སྐོར་གླེང་སྐབས་ཁོང་གཉིས་ཀྱི་ཕ་མས“ང་ཚོ་རང་ཉིད་ཀྲུང་གོའི་རིག་གནས་དང་སྐད་ཡིག་ལ་ཧ་ཅང་དགའ་པོ་ཡོད། ཕྲུ་གུས་དགའ་ཞེན་དེ་མུ་མཐུད་རྒྱུན་འཛིན་བྱས་ན་བསམ་གྱི་འདུག”ཅེས་བརྗོད།