འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་15ཉིན།

༄༅།།པེ་ཅིང་གི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་མངོན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་14ཉིན། 17:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཕན་ཅུན་ཆང་།

པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་སུ་ཡོད་པའི་ཞའོ་སྨི་ལག་ཐོགས་ཁ་པར་གྱི་རིག་ནུས་བཟོ་གྲྭར་སྐྱོད་སྐབས་མི་ཐབས་རིག་ནུས་ལག་རྩལ་ལ་བརྟེན་ནས་རང་འགུལ་ཅན་གྱི་སྒྲིག་ཆས་སྣ་ཚོགས་གནད་སྨིན་ཕན་ཆེའི་ངང་འཁོར་སྐྱོད་བྱེད་བཞིན་འདུག “བརྒྱུད་རིམ་ཧྲིལ་པོའི་འགག་རྩའི་བཟོ་སྐྲུན་རྒྱུ་ཆ་གཙོ་བོ་100%གྲངས་འཛིན་ཅན་ལ་བརྟེན་ནས་དོ་དམ་ཚོད་འཛིན་བྱུང་སྟེ་ལོ་རེར་རིག་ནུས་ལག་ཐོགས་ཁ་པར་ཁྲི་1000ཐོན་སྐྱེད་བྱེད་ཀྱི་ཡོད” རིག་ནུས་བཟོ་གྲྭའི་འགན་འཁུར་བ་ཀྲོའུ་དབྱི་ཡིས་ལོ་གསར་པར་བཟོ་གྲྭས་དེ་བས་འབད་བརྩོན་བྱས་ཏེ་ཐོན་རྫས་དེ་བས་མང་བ་ཐོན་སྐྱེད་བྱེད་པའི་དམིགས་ཚད་བསྒྲུབ་རྒྱུ་ཡིན་ཞེས་བརྗོད་བྱུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་སྔོན་ལ་བཀོད་སྒྲིག་བྱེད་པ་བཅས་ལ་སྔོན་ཐོན་ལག་རྩལ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཚར་རྗེས་ལས་འགོ་ཚུགས་པའི་ཉིན་དང་པོར། པེ་ཅིང་དུ་རྒྱལ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་འཚོག་སྐབས་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ལི་ཡིས“ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཆེ་རུ་གཏོང་དགོས”ཞེས་བཤད། གྲངས་འཛིན་དཔལ་འབྱོར་ནི་གསོན་ཤུགས་དང་གསར་གཏོད་ཀྱི་ནུས་པ་ལྡན་པའི་དཔལ་འབྱོར་གྱི་རྣམ་པ་ཞིག་ཡིན་ལ། ཐོན་སྐྱེད་ནུས་ཤུགས་གསར་མའི་གཅིག་སྡུད་མཚོན་ཚུལ་ཞིག་རེད། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་མི་ཐབས་རིག་ནུས་ཀྱི“འགག་རྩའི་ཚད་འགྱུར”དམ་འཛིན་བྱས་ཏེ་པེ་ཅིང་གིས་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་གྱི་དཔེ་མཚོན་གྲོང་ཁྱེར་མགྱོགས་མྱུར་བསྐྲུན་ནས་རྒྱལ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྟོབས་ཤུགས་དང་། ནུས་པ། རིག་ནུས་བཅས་བསྣན་ཡོད།

གྲངས་འཛིན་ཐོན་ལས་ཅན་ནས་སྒུལ་ཤུགས་གསར་པ་མངོན། མི་ཐབས་རིག་ནུས་ཁེ་ལས་2400ལྷག་ཙམ་ཡོད་པ་དང་། རིག་ནུས་རྩིས་ནུས་མཁོ་སྤྲོད་Pཁྲི་2.2ལས་བརྒལ་བ(1Pསྐར་ཆ་རེར་ཐེངས་དུང་ཕྱུར་ཁྲི་1000ཡི་རྩིས་རྒྱག་མྱུར་ཚད་དང་མཚུངས་པ)དཔེ་དབྱིབས་ཆེ་གྲས་105ཐོ་བཀོད་ནས་དྲ་ཐོག་ཏུ་བཏོན་པ་བཅས་པེ་ཅིང་གིས་སྲིད་ཇུས་འདོན་པ་དང་། ཐེབས་རྩ་འཛུགས་པ། ཞབས་ཞུ་ལེགས་གཏོང་བཅས་བྱས་ནས་མི་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཉིན་ཤས་གོང་། པེ་ཅིང་གིས་མི་ཐབས་རིག་ནུས་སྨན་བཅོས་ཡོ་བྱད་གསར་གཏོད་ལས་འགན་གྱི་འགན་འཁུར་སྣེ་ཁྲིད་རྣམ་གྲངས་ཁྱབ་བསྒྲགས་བྱས་ནས་འབྲེལ་ཡོད་ཁེ་ལས་ལ་འཚར་ལོངས་ཀྱི་གོ་སྐབས་བསྐྲུན་ཡོད། “ང་ཚོས་མི་ཐབས་རིག་ནུས་དེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལྟེ་བའི་སྒུལ་ཤུགས་སུ་བརྩིས་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་འཛིན་ཐོན་ལས་ཚོ་འདུས་བསྐྲུན་རྒྱུ་ཡིན”པེ་ཅིང་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་ཅང་ཀོང་ཀྲི་ཡིས་2025ལོར་པེ་ཅིང་གིས“མི་ཐབས་རིག་ནུས་+”བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་གཞི་ཁྱོན་ཆེན་པོས་བེད་སྤྱོད་དང་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བཤད།

ཐོན་ལས་གྲངས་འཛིན་ཅན་ལ་བརྟེན་ནས་རྣམ་པ་གསར་པ་བཏོད། གྲངས་འཛིན་ལག་རྩལ་གསར་པར་བརྟེན་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་བཏང་ཞིང་། པེ་ཅིང་ཡོན་པའོ་གླིང་གི་སྒོ་རྟགས་དང་པོའི་དབྱི་ཝུན་གྱོན་ཆས་ཚོང་ཁང་དུ་སྐུ་མགྲོན་ལ་པར་བརྒྱབ་ནས་ཚད་འཇལ་བ་དང་། དྲ་ཐོག་ནས་བཟོ་ལྟ་འདེམས་པ། གྲངས་གཞི་དང་བཟོ་ལྟ་རང་འགུལ་སྙོམས་སྒྲིག་བཅས་གྲངས་གཞི་ཆེན་པོས་འདེགས་སྐྱོར་བྱེད་པའི་བཟོ་ལས་དྲ་སྦྲེལ་སྒྱུར་བཀོད་ཀྱིས་སྲོལ་རྒྱུན་ཐོན་ལས་ལ་གསོན་ཤུགས་སྦྱིན་ཡོད། “སྔོན་ཆད་སྔོན་ལ་བཟོས་རྗེས་བཙོངས་པ་དང་ད་ཆ་སྔོན་ལ་བཙོངས་པ་དང་རྗེས་སུ་བཟོ་གི་ཡོད” དབྱི་ཝུན་གྱོན་ཆས་ཁང་གི་ལས་དོན་པ་ལིའུ་ཡན་གྱིས་གྲངས་གཞི་ཅན་གྱི་སྒྱུར་བཀོད་བྱས་རྗེས། གོས་བཟོའི་ལས་རིམ་ཁྲོམ་རའི་དགོས་མཁོ་དང་དེ་བས་བསྟུན་ཐུབ་ཡོད་ཅེས་བརྗོད་བྱུང་། གྲངས་གཞི་ནི་ཐོན་སྐྱེད་རྒྱུ་ཆ་གསར་པ་ཞིག་ཡིན་པས། ལོ་གསར་པར་པེ་ཅིང་གིས་གྲངས་གཞིའི་གཙོ་རྒྱུའི་གསོན་ཤུགས་འཕེལ་བར་བྱས་ཏེ་གྲངས་གཞིའི་ཐོན་ཁུངས་མ་རྩ་ཅན་དང་། ཁྲོམ་ར་ཅན། ཐོན་ལས་ཅན་བཅས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་། པེ་ཅིང་རྒྱལ་སྤྱིའི་གྲངས་གཞི་ཆེན་པོའི་ཉོ་ཚོང་ཁང་དུ་གཉེར་སྐྱོང་བྱེད་པོ་མང་པོ་ཞིག་གི་གྲངས་གཞིའི་ཐོན་རྫས་ཐོ་འགོད་ཚོད་སྐོར་བྱས་ནས་འཚོང་བཞིན་འདུག “ང་ཚོས་གྲངས་གཞིའི་འཁོར་རྒྱུག་ཉོ་ཚོང་གི་དཀའ་གནད་ཐག་གཅོད་དང་གྲངས་གཞི་མཉམ་འདྲེས་གསར་གཏོད་འཚོལ་ཞིབ་བྱས་ནས་སྤུས་ལེགས་གྲངས་གཞིའི་ཐོན་རྫས་ཉོ་ཚོང་ལ་སྐུལ་འདེད་གཏོང་དགོས”ཞེས་པེ་ཅིང་རྒྱལ་སྤྱིའི་གྲངས་གཞི་ཆེན་པོའི་ཉོ་ཚོང་ཁང་གི་ཏུང་ཧྲི་ཀྲང་ལི་ཀྲེན་ཅུན་གྱིས་བཤད། 2024ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན། ཉོ་ཚོང་ཁང་གི་ཐོ་འགོད་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་100ཙམ་ཟིན་པ་དང་གྲངས་གཞིའི་ཐོན་རྫས་3000ལྷག་ཙམ་ཟིན་ཡོད།

ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། བྱེད་ཐབས་གསར་པ་བཅས་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཤིང་། དུས་ཆེན་ཚར་ནས་ལས་འགོ་ཚུགས་རྗེས་པེ་ཅིང་གྲོང་ཁྱེར་གྱི་རིམ་མཐོའི་རང་འགུལ་འཁོར་གཏོང་དཔེ་སྟོན་ཁུལ་དུ་ཞའོ་མཱ་ཀྲེ་ཤིན་དང་། པའེ་ཏུའུ། ཝུན་ཡོན་ཀྲི་ཤིན་སོགས་རང་འགུལ་འཁོར་གཏོང་གི་རླངས་འཁོར་800ལྷག་ཙམ་གྱིས་ཞབས་ཞུའི་ལས་དོན་སྤེལ་བཞིན་ཡོད། གསར་འགོད་པ་རླངས་འཁོར་ནང་བསྡད་ནས་ཉམས་ལེན་བྱེད་སྐབས། མྱུར་ཚད་དལ་མགྱོགས་དང་། གཡོལ་བ། མྱུར་བགྲོད། ཁ་གཅུས་པ་བཅས་བདེ་པོ་ཡོད་པ་ཤེས། པེ་ཅིང་གྲོང་ཁྱེར་རིམ་མཐོའི་རང་འགུལ་འཁོར་གཏོང་དཔེ་སྟོན་ཁུལ་གྱི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ལེ་ཡིས“དཔེ་སྟོན་ཁུལ་གྱི་རང་འགུལ་འཁོར་གཏོང་ཚོད་ལྟའི་ལམ་ཚད་སྤྱི་ལེ་ཁྲི་3200ལས་བརྒལ་ནས་རྒྱལ་ཡོངས་ཀྱི་ཚོད་ལྟའི་ལམ་ཚད་ཀྱི་བཞི་ཆ་གཅིག་ཡན་བཟུང་ཡོད། ང་ཚོས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་30ལྷག་ཙམ་གྱི་རང་འགུལ་འཁོར་གཏོང་གི་རླངས་འཁོར་སྟོང་ཙམ་དཔེ་སྟོན་ཁུལ་དུ་ཚོད་ལྟ་དང་སྤྱོད་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡིན”ཞེས་ངོ་སྤྲོད་བྱས།

2024ལོར་པེ་ཅིང་གི་གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་2ཟིན་ནས་དུས་མཚུངས་ལས་7.5%ཡས་མས་འཕར་ཡོད། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་མངོན་ནས་རྒྱལ་སར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)