ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་310ལྷག་ཙམ་ཟིན་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་14ཉིན། 17:09】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། དཔྱིད་གསར་དུས་ཆེན་གྱི་གུང་གསེང(2025ལོའི་ཟླ་1ཚེས་28ཉིན་ནས་ཟླ་2ཚེས་4ཉིན་བར)རིང་རྒྱལ་ཡོངས་སུ་འཛད་རྫས་རྙིང་པ་གསར་བརྗེས་ཀྱི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་ཞིང་། རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས། ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་སོགས་རྙིང་པ་གསར་བརྗེས་ཀྱི་ཕྱིར་ཚོང་གྲངས་འབོར་ཁྲི་860ཟིན་པ་དང་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་310ལྷག་ཙམ་ཟིན་ཏེ་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
ཟླ་1ཚེས་8ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའུ་ཡིས“གསར་གཉིས”སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བའི་བརྡ་ཐོ་བཀྲམ་སྟེ་2025ལོའི“གསར་གཉིས”ལས་དོན་ལ་སྤྱི་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཁག་དང་པོའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར་810འཕྲལ་མར་གཤམ་གཏོང་བྱས་ཏེ། ས་གནས་ཀྱིས་ཁྱབ་ཁོངས་ཁག་གི་རྙིང་པ་གསར་བརྗེས་ཀྱི་ལས་དོན་ལ་དམ་འཛིན་བྱས་ནས་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ། ཚོང་དོན་པུའུ་སོགས་སྡེ་ཚན་གྱིས་དུས་ཐོག་ཏུ་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ལག་ཐོགས་ཁ་པར་། ཁྱིམ་ཆས་དང་འཛད་རྫས་སོགས་ཁྱབ་ཁོངས་ཀྱི་རྙིང་པ་གསར་བརྗེས་ཀྱི་ལག་བསྟར་ཞིབ་སྲོལ་བཏོན་པ། དཔྱིད་གསར་དུས་ཆེན་གྱི་གུང་གསེང་གོང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་31གིས་འཛད་རྫས་རྙིང་པ་གསར་བརྗེས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཏེ་སྲིད་ཇུས་སྦྲེལ་མཐུད་དང་མ་དངུལ་རྒྱུན་མཐུད་མངོན་འགྱུར་བྱུང་ཡོད།
“གསར་གཉིས”སྲིད་ཇུས་ཀྱི་ཁྱབ་རྒྱ་ཆེ་རུ་སོང་བའི་སྐུལ་ཁྲིད་འོག་འཛད་སྤྱོད་པས་གསར་བརྗེས་གསར་སྒྱུར་ནང་ཞུགས་པའི་སྤྲོ་སེམས་ཆེ་རུ་ཕྱིན་ཡོད། གསེད་བཀྲོལ་རགས་ཙམ་བྱས་ན། པེ་ཅིང་དང་། ཅང་སུའུ། ཀྲེ་ཅང་། ཧོ་ནན། ཧུའུ་པེ། ཀོང་ཏུང་སོགས་སུ་རྙིང་པ་གསར་བརྗེས་ཀྱི་ཕྱིར་ཚོང་དངུལ་འབོར་ཚང་མ་སྒོར་དུང་ཕྱུར་15ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། རྒྱལ་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་དང་ལག་ཐོགས་ཁ་པར་གྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་166%དང་182%སོ་སོར་འཕར་བ་དང་། དེའི་ནང་བརྙན་འཕྲིན་གྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་227%འཕར་ཡོད་པ་རེད། དྲ་ཐོག་ཚོང་དོན་ལས་སྟེགས་གཙོ་བོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་འཛད་རྫས་རྙིང་པ་གསར་བརྗེས་ཀྱི་འཚོལ་བཤེར་བྱེད་ཐེངས་ཁྲི་4000ལྷག་ཙམ་ཟིན་པ་དང་ཐོན་རྫས་མངགས་ཐོ་དུས་མཚུངས་ལས་40%ཡན་འཕར་ཡོད་པ་རེད།
ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་གསར་ཉོའི་ཁ་གསབ་ལག་བསྟར་བྱ་རྒྱུ་ནི་ད་ལོའི“གསར་གཉིས”སྲིད་ཇུས་ཁྱབ་རྒྱ་ཆེ་རུ་གཏོང་བའི་བཀྲག་མདངས་འཚེར་ས་ཞིག་རེད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས། འཛད་སྤྱོད་པའི“ཁ་པར་རྙིང་པ་གསར་བརྗེས”ཀྱི་སྤྲོ་སེམས་འཕེལ་བ་དང་ལག་ཐོགས་ཁ་པར་ད་ལོའི་དཔྱིད་གསར་དུས་ཆེན་གྱི་རྙིང་པ་གསར་བརྗེས་ཀྱི་རླབས་རྒྱུན་ཁྲོད་ཀྱི་གཙོ་ཤུགས་སུ་གྱུར་ཡོད། གསེད་བཀྲོལ་རགས་ཙམ་བྱས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། རྒྱལ་ཡོངས་ཀྱི་ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་ཕྱིར་ཚོང་གྲངས་འབོར་ཁྲི་450ལྷག་ཙམ་ཟིན་པ་དང་ཕྱིར་ཚོང་གྲངས་འབོར་གྱིས་འཛད་རྫས་རྙིང་པ་གསར་བརྗེས་ཀྱི་ཕྱིར་ཚོང་བསྡོམས་འབོར་གྱི་45%བཟུང་ཡོད། འབྲེལ་ཡོད་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་གྲངས་གཞི་ལས་མངོན་པར། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། རྙིང་པ་གསར་བརྗེས་ཀྱི་ཁ་གསབ་ནང་ཞུགས་པའི་ཁྱིམ་སྤྱོད་གློག་ཆས་དང་ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་ནང་ལག་ཐོགས་ཁ་པར་ཕྱིར་ཚོང་དངུལ་འབོར་གྱིས་70%ཙམ་བཟུང་ཡོད་པ་རེད།