གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་16ཉིན། 18:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཕྲུ་གུ་རྣམས་ཁྲིད་དེ“འོད་ཟེར་སློབ་ཁང”ཕྱོགས་སུ་སྐྱོད་བཞིན་པ།
གཟའ་འཁོར་གཅིག་གི་བྲེལ་འཚུབ་ཆེ་བའི་ལས་ཀ་མཇུག་འགྲིལ་མ་ཐག་པའི་ཚའེ་ཏིང་ཧུའེ་ཡིས་དགོང་ཟས་མགྱོགས་པོ་བཟས་རྗེས་སློབ་ཚན་གྲ་སྒྲིག་བྱེད་འགོ་བརྩམས།
ཚའེ་ཏིང་ཧུའེ་ནི་དགེ་རྒན་མིན་པར་ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་ཅིང་ཧུང་གྲོང་ཁྱེར་མོང་ལུང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཞིག་རེད། ཚའེ་ཏིང་ཧུའེ་ཡིས“ང་ཚོའི་མངགས་གཏོང་ཁང་གིས་ཧོ་ཀོན་གྲོང་སྡེ་གསར་པར‘འོད་ཟེར་སློབ་ཁང’བཙུགས་ཡོད་པས། གུང་གསེང་སླེབས་རིམ་བཞིན་ཡུལ་མིར་སྒོ་འབྱེད་ཀྱི་ཡོད”ཅེས་བཤད།
“འོད་ཟེར་སློབ་ཁང”བཙུགས་པ་ནི་འཆར་ཅན་གྱི་སྐོར་གཡེང་ཞིག་ལས་བྱུང་ཞིང་། ཐེངས་ཤིག་ཞིང་དུད་ལ་བཅར་འདྲི་བྱས་རྗེས། ཚའེ་ཏིང་ཧུའེ་ལ་ཞིང་དུད་དེའི་ཕྲུ་གུ་ཏག་ཏག་གཙང་པོར་ཆུ་རྩེད་རྩེ་བར་འགྲོ་བ་དང་འཕྲད་པས་ཁོང་གིས་དུས་ཐོག་ཏུ་བཀག་འགོག་བྱས། ཚའེ་ཏིང་ཧུའེ་ཡིས་ཤེས་རྟོགས་བྱས་པར་གཞིགས་ན། གྲོང་ཚོའི་བྱིས་པའི་ཁྱིམ་བདག་མང་ཆེ་བ་ཡང་ན་ཕྱིར་གླ་པར་བསྐྱོད་པའམ་ཡང་ན་རི་ལ་འགྲོ་དགོས་པས། གུང་གསེང་རིང་བྱིས་པར་ལྟ་རྟོག་རྩ་བ་ནས་བྱེད་ཁོམ་མེད།
“ཁྱིམ་བདག་མེད་པའི་སྐབས་སུ་ཕྲུ་གུ་ཚོ་གཙང་པོར་ཆུ་རྐྱལ་རྒྱག་པར་འགྲོ་གི་ཡོད། གལ་ཏེ་ཆུས་ཁྱེར་ན་ཅི་བྱེད”ཕྱོགས་གཅིག་ནི་རང་གཅུན་ནུས་པ་ཞན་པའི་ཕྲུ་གུ་དང་། ཕྱོགས་གཞན་ཞིག་ནི་ཐབས་ཤེས་ཟད་པའི་ཁྱིམ་བདག་ཡིན་པས། ཚའེ་ཏིང་ཧུའེ་ཡིས་ས་ཆ་ཞིག་བཙལ་ནས་ཕྲུ་གུ་དེ་དག་རུབ་རུབ་བཟོས་ཏེ་གུང་གསེང་རིང་ཁོང་ཚོར་ལྟ་རྟོག་བྱེད་ཐུབ་ན་བསམ།
བསམ་ཚུལ་དེ་ཧ་ཅང་བཟང་ན་ཡང་དོན་འཁྱོལ་ཇི་ལྟར་བྱེད་དགོས་སམ།
ཚའེ་ཏིང་ཧུའེ་ཡིས་མངགས་གཏོང་ཁང་གི་ལས་རོགས་རྣམས་འབོད་དེ་གྲོང་ཚོའི“བུད་མེད་གྲོང་སྲུང་རུ་ཁག”གི་རུ་དཔོན་ཧྲུའོ་མེའོ་བཙལ་ནས་གྲོས་བསྡུར་བྱས།
ཧྲུའོ་མེའོ་ཡིས“ངའི་ཁྱིམ་ལ་ས་ཆ་ཡོད། སློབ་ཁང་ངའི་ཁྱིམ་དུ་བཙུགས་ན་འགྲིག”ཅེས་བཤད་མ་ཐག་ཚའེ་ཏིང་ཧུའེ་ཡིས“ང་ཚོ་མི་དམངས་ཉེན་རྟོག་པས་རེས་མོས་ཀྱིས་ཕྲུ་གུ་ཚོར་སློབ་སྦྱོང་ཟུར་ཁྲིད་བྱེད་ཆོག”ཅེས་བཤད།
དེ་རྗེས་ཚའེ་ཏིང་ཧུའེ་ཡིས་ཁྱིམ་ཚང་རེ་རེ་བཞིན་དུ་དྲིལ་བསྒྲགས་བྱས། སློབ་འགོ་ཚུགས་པའི་ཉིན་དེར་ཕྲུ་གུ་40ལྷག་ཙམ་ཡོང་ཡོད། སློབ་ཚན་འཆར་གཞི་ལྟར་འཚོག་ཐུབ་ཀྱང་དཀའ་གནད་གསར་པ་ཡང་དེ་དང་བསྟུན་ནས་ཐོན། “འོད་ཟེར་སློབ་ཁང”གི་སློབ་ཁྲིད་ནང་དོན་ལ་ཚད་བཀག་ཡོད་པ་དང་སློབ་ཚན་འཁྲིད་སྟངས་ཁེར་རྐྱང་ཡིན་པས། ཕྲུ་གུ་ཡོང་མཁན་རིམ་བཞིན་ཉུང་དུ་སོང་། དེར་བརྟེན་ཚའེ་ཏིང་ཧུའེ་ཡིས་བཅའ་ཁྲིམས་ཀྱི་ཤེས་བྱ་རྔ་རྡུང་ནས་མེ་ཏོག་བརྒྱུད་སྤྲོད་དང་བྱ་དགའ་ཡོད་པའི་དྲིས་ལན་སོགས་ཀྱི་རོལ་རྩེད་ནང་བསྲེས་པ་དང་། མི་དམངས་ཉེན་རྟོག་པ་དབྱང་ཚའེ་ཧུང་གིས་ད་དུང་མཛེས་རྩལ་སློབ་ཚན་བཀོད་སྒྲིག་སོགས་བྱས་ནས་ཕྲུ་གུ་ཚོའི་གུང་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད།
ཕྲུ་གུ་ཚོའི་ཤེས་བྱ་སྦྱོང་འདོད་ཆེ་བའི་རེ་བ་སྐོང་ཆེད། མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་སྐུལ་སློང་བྱས་ནས་དཔེ་དེབ་ཞལ་འདེབས་རྒྱག་ཏུ་བཅུག་པ་མ་ཟད། དཔེ་ཚོང་ཁང་ཞིག་གིས“འོད་ཟེར་སློབ་ཁང”ལ་དཔེ་དེབ་2000ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད།
ཉི་མ་ནུབ་ཁའི་འོད་ཟེར་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་བཞིན་པའི་བྱིས་པ་ཚོའི་ལུས་སྟེང་དུ་འཕྲོས་ཤིང་། ཚའེ་ཏིང་ཧུའེ་ཡིས་དཔུང་པའི་སྟེང་གི་ས་དཀར་གྱི་ཐལ་རྡུལ་རྡབ་ཙམ་བྱས་ཏེ་རིམ་བཞིན་རྒྱང་རིང་དུ་སོང་བའི་ཕྲུ་གུ་ཚོའི་རྒྱབ་གཟུགས་ལ་ལྟ་བཞིན“ཕྲུ་གུ་ཚང་མར་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཞིག་ཡོང་བའི་རེ་བ་ཡོད”ཅེས་འཛུམ་དམུལ་དམུལ་ངང་བཤད།