གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་17ཉིན། 10:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཏའེ་ཁའེ་རན་དང་། ཤེ་ཡ་ཧུང་། ལི་ཆང་། ལི་ཨན་ཆི།
ཉེ་ཆར། ཀྲུང་གོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་དང་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་དང་པེ་ཅིང་སྐད་ཡིག་སློབ་ཆེན་དང་ནན་ཕིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་འགན་ཁུར་བའི་འཛམ་གླིང་རྒྱ་རིག་པ་མཁས་ཅན་གྱི་ཚོགས་ཆེན་སྐབས་གཉིས་པ་ཧྥུའུ་ཅན་ནན་ཕིང་གྲོང་ཁྱེར་དུ་འཚོགས་ཤིང་། རྒྱལ་ཁབ་60ནས་ཡོང་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་འཐུས་མི་200ལྷག་ཙམ་ཚོགས་འདུར་ཞུགས་ནས་ཀྲུང་ཧྭའི་ཤེས་དཔལ་དང་འཛམ་གླིང་དེང་རབས་ཅན་ལ་མཉམ་དུ་དཔྱད་བསྡུར་དང་། ཀྲུང་གོ་དང་ཕྱི་རྒྱལ་དབར་ཤེས་དཔལ་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་སྐུལ་འདེད་བཏང་སྟེ་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་ཟབ་ཏུ་བཏང་ཡོད།
ལྷོ་ཨ་ཧྥེ་རི་ཁའི་རྒྱ་རིག་པ་མཁས་ཅན་ཐན་ཀྲེ་ལི།
འབྲེལ་ཟམ་བསྐྲུན་ནས་ཧྥེ་ཀྲུང་གི་ཤེས་དཔལ་དཔྱད་གཞི་འཛིན་རེས་ལ་སྟོབས་ཤུགས་སྐྱེས་སུ་ཕུལ་བ།
“སྐད་ཡིག་ནི་རིག་གནས་ཀྱི་གཞི་རྟེན་ཞིག་ཡིན་པ་དེས་མི་རྣམས་ཀྱི་བསམ་གཞིག་བྱེད་སྟངས་མཚོན་གྱི་ཡོད”
སྐད་རིགས་མང་པོ་ཤེས་མཁན་ལྷོ་ཨ་ཧྥེ་རི་ཁའི་རྒྱ་རིག་པ་མཁས་ཅན་པའོ་ལུའོ·ཆི་ལུང་ཅི་སའེ་ལེ·ཐེང་པེ(རྒྱ་མིང་ལ“ཐན་ཀྲེ་ལི”ཟེར)ཡིས་སྐད་ཡིག་ལ་བརྟེན་ནས་ཤེས་རིག་མི་འདྲ་བར་དཔྱད་བསྡུར་ཟབ་མོ་བྱེད་ཐུབ་ཅེས་བཤད། “ཨ་ཧྥེ་རི་ཁའི་ཤེས་དཔལ་དང་ཀྲུང་ཧྭའི་ཤེས་དཔལ་ཚང་མས་མི་དང་མིའི་དབར་ལས་དབང་གཅིག་མཐུན་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ནན་བཤད་བྱེད་པ་དང་། ཤེས་དཔལ་གཉིས་ལ་འདྲ་བའི་ཆ་མང་པོ་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚང་མས་རང་སོ་སོའི་ཤེས་དཔལ་གྱི་ཁྲོད་ནས་བློ་གྲོས་དང་ཉམས་མྱོང་བསྡུ་ལེན་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་གི་ཡོད”
“ཨ་ཧྥེ་རི་ཁའི་མཁས་དབང་མང་པོས་ཀྲུང་གོའི་གྲོས་གཞིར་དགའ་པོ་བྱེད་ཀྱི་ཡོད་པས་ངས་ཕྱོགས་གཉིས་པོའི་སྤེལ་རེས་དང་མཉམ་འགུལ་ལ་སྐུལ་འདེད་གཏོང་མཁན་ཞིག་བྱས་ཏེ། ཀྲུང་ཧྥེའི་སྤེལ་རེས་དང་དཔྱད་གཞི་འཛིན་རེས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད”ཅེས་ཐན་ཀྲེ་ལི་ཡིས་བཤད།
“ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྲུབ་འབྲས་ཐོབ་པའི་ངང་འཚོལ་ཞིབ་དང་སྐུལ་འདེད་བཏང་བའི་གྲུབ་འབྲས་ལྡན་པའི་ཉམས་མྱོང་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་དབང་ཡོད་པ་གསལ་བཤད་ཐུབ་ཡོད”ཅེས་ཐན་ཀྲེ་ལི་ཡིས་བཤད།
ཧ་སག་སི་ཐན་གྱི་རྒྱ་རིག་པ་མཁས་ཅན་ཧྥ་ཏི་མཱ།
དཔེ་དེབ་བརྩམས་ནས་ཧ་སག་སི་ཐན་བས་ཀྲུང་གོར་དགའ་ཞེན་བྱས་པ།
“རྒྱ་ཡིག་སྦྱངས་པ་བརྒྱུད་ཀྲུང་གོར་བཅངས་པའི་བརྩེ་སེམས་དེ་བས་ཟབ་ཏུ་ཕྱིན་པ་མ་ཟད། ངའི་མི་ཚེའི་འགྲོ་ལམ་གསར་པའང་རྙེད་བྱུང”ཞེས་ཧ་སག་སི་ཐན་གྱི་ཨ་ལི·ཧྥ་ལ་པི་ཧ་སག་སི་ཐན་རྒྱལ་བཙུགས་སློབ་ཆེན་ཤར་ཕྱོགས་རིག་པའི་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཏའོ་ལེ་ཐེ·ཧྥ་ཏི་མཱ་ཡིས་གསར་འགོད་པར་བཤད།
ཧྥ་ཏི་མཱ་ཡིས་ད་དུང་ལས་རིགས་མི་འདྲ་བའི་ཧ་སག་སི་ཐན་བ་གདན་དྲངས་ནས་དེབ་ཀྱི་ནང་དོན་ཤེས་པར་བྱས་ཡོད། ཁ་བྱང་ལ《ཀྲུང་གོ-ངག་རྒྱུན་དང་བདེན་དོན》ཞེས་པའི་དེབ་དེ་དཔེ་སྐྲུན་བྱས་རྗེས་ཧ་སག་སི་ཐན་དུ་གདེང་འཇོག་བཟང་པོ་ཐོབ་ཡོད། “ཀློག་པ་པོ་མང་པོ་ཞིག་གིས་ང་ལ་འཕྲིན་ཡིག་བསྐུར་ནས་དཔེ་དེབ་ལྟ་ཀློག་བྱས་པ་བརྒྱུད་རང་ཉིད་དང་ཀྲུང་གོ་འབྲེལ་འདྲིས་དེ་བས་ཟབ་ཏུ་ཕྱིན་པའི་ཚོར་སྣང་བྱུང་ཞེས་བརྗོད་པ་དང་། ཀློག་པ་པོ་ལ་ལས་དེབ་དེ་བལྟས་རྗེས་ཀྲུང་གོར་ཡུལ་སྐོར་བྱས་པ་མ་ཟད། ཀྲུང་གོར་དགའ་ཞེན་བྱས་ཡོད”ཅེས་ཧྥ་ཏི་མཱ་ཡིས་མྱོང་ཚོར་ཟབ་མོས་བཤད།
ཁོང་གིས་རྒྱལ་ཁབ་མི་འདྲ་བ་ནས་ཡོང་བའི་རྒྱ་རིག་པ་མཁས་ཅན་ངོ་ཤེས་པ་དང་ཁོང་ཚོ་དང་རྒྱ་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་རྒྱ་ཡིག་སློབ་སྦྱོང་སྐོར་ལ་གྲོས་བསྡུར་བྱས་ཡོད། “ངས་ཀྲུང་གོས་མཁོ་འདོན་བྱས་པའི་ལས་སྟེགས་ལ་དེ་བས་གཅེས་འཛིན་བྱ་རྒྱུ་མ་ཟད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཛམ་གླིང་རྒྱ་ཡིག་ཞིབ་འཇུག་ལས་དོན་དེ་བས་འཁྲུག་པོ་དང་གཏིང་ཟབ་ཏུ་གཏོང་གི་ཡིན”ཞེས་ཧྥ་ཏི་མཱ་ཡིས་བཤད།
ཨུ་རུ་སུའི་རྒྱ་རིག་པ་མཁས་ཅན་ཆི་ཡོན།
ཡིག་སྒྱུར་ལས་ལ་གཞོལ་ནས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་བ།
“ཝུའུ་དབྱི་ཧྲན་དུ་འཆམ་འཆམ་བྱེད་སྐབས་གནས་དེའི་མཛེས་སྡུག་གི་རྣམ་པས་ངའི་ཡིད་དབང་རབ་ཏུ་འཕྲོག་སོང” བྲག་བརྐོས་ལ་ལྟ་བ་དང་། མཛེས་སྡུག་རི་ཀླུང་ལ་རོལ་བ། ཞིམ་མངར་ཇའི་བྲོ་བ་མྱོང་བ་བཅས་ཧྥུ་ཅན་ཝུའུ་དབྱི་ཧྲན་དུ་ལྟ་སྐོར་བྱས་པའི་མྱོང་བ་ཕྱིར་དྲན་བྱེད་བཞིན་དུ་ཨུ་རུ་སུའི་རྒྱ་རིག་པ་མཁས་ཅན་ཐཱ་ཅི་དབྱང་ནཱ·ཁོར་ཉི་ལི་ཡེ་ཝ(རྒྱ་མིང་ལ“ཆི་ཡོན”ཟེར)ཡིས་ཝུའུ་དབྱི་ཧྲན་ནི“ལེ་ཁྲིའི་ཇ་ལམ”གྱི་འགོ་འཛུགས་ས་ཡིན་པ་དང་། དུས་རབས་18པའི་སྐབས་སུ་ཨུ་རུ་སུའི་རྒྱ་རིག་པའི་སྔོན་བྱོན་པ་པའེ་ཆིའུ་ལིན་གྱིས“ལེ་ཁྲིའི་ཇ་ལམ”ལས་ཀྲུང་གོ་དང་ལས་དབང་གཅིག་ཏུ་སྦྲེལ།
2010ལོ་ནས་བཟུང་། ཆི་ཡོན་གྱིས་ལས་ཞོར་དུ་ཨུ་རུ་སུའི་སྤྱི་དམངས་དང་ལྷག་པར་དུ་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ཞིང་། ན་ནིང་ཁོ་ནར་ཁོང་གིས“ལེ་ཁྲིའི་ཇ་ལམ”བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་འཛམ་གླིང་ཤུལ་བཞག་དང་ཀྲུང་ཧྭ་རིག་གནས་སྡེ་ཁུལ་དུ་སྤེལ་བའི་བྱེད་སྒོ་ཐེངས་20ལྷག་ཙམ་སྒྲིག་འཛུགས་བྱས་ཡོད། པར་རིས་འགྲེམས་སྟོན་དང་། ཡིག་གཟུགས་སྒྱུ་རྩལ་འཆད་ཁྲིད། ཀོ་བརྙན་ཟློས་གར་འཁྲབ་སྟོན་སོགས་བྱེད་ཐབས་དང་ནང་དོན་སྣེ་མང་ཕུན་སུམ་ཚོགས་པའི་རིག་གནས་སྤེལ་རེས་བྱེད་སྒོར་ཨུ་རུ་སུའི་དམངས་ཚོགས་རྒྱ་ཁྱབ་ངང་ཞུགས་པ་དང་། ཁྱིམ་བདག་མི་ཉུང་བ་ཞིག་གིས་ཆེད་མངགས་ཕྲུ་གུ་ཁྲིད་ནས་མོ་སི་ཁོ་དང་ཧྲེང་པེ་ཏེ་པའོ་སོགས་ཀྱི་བྱེད་སྒོར་ཞུགས་ཡོད། ཆི་ཡོན་གྱིས་ཕྱིས་སུ“ལེ་ཁྲིའི་ཇ་ལམ”ལ་བརྟེན་ནས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ཀྱི་དམངས་ཁྲོད་ཕོ་ཉ་ཞིག་བྱས་ཏེ་ཨུ་ཀྲུང་མི་དམངས་ཀྱི་མཛའ་གྲོགས་དེ་བས་ཟབ་ཏུ་གཏོང་གི་ཡིན་ཞེས་བཤད།