འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་18ཉིན།

༄༅།།ཨ་རིས་ཨུ་ཚུགས་ཀྱིས་མགོ་མནན་ན་ཀྲུང་གོས་ཅིས་ཀྱང་རྒོལ་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་17ཉིན། 13:49】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་མུའུ་ཉི་ཧེའི་བདེ་འཇགས་ཚོགས་འདུར་ཞུགས་ནས“ཀྲུང་གོའི་ཆེད་དོན་ཚོགས་འདུའི”ཐོག་ཤིས་ཚིག་སྤེལ་བ་དང་འབྲེལ་ཡུལ་དངོས་ཀྱི་དྲི་བར་ལན་བཏབ་པ་རེད།

   ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གནད་དོན་ལ་དམིགས་ཏེ། ཝང་དབྱི་ཡིས་ཀྲུང་གོས་ཨ་རིར་བཟུང་བའི་སྲིད་ཇུས་ཐད་ལ་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་མཐའ་འཁྱོངས་བྱེད་ཀྱི་ཡོད་པས། ལས་སླ་པོར་འགྱུར་བ་གཏོང་མི་སྲིད། དེའི་ཐོག་ནས་རྒྱལ་ཁབ་ཆེན་པོའི་འཐབ་ཇུས་ཀྱི་ངེས་ཤུགས་དང་རྒྱལ་སྤྱིའི་མཚན་སྙན་མཚོན་ཐུབ། ང་ཚོའི་སྲིད་ཇུས་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྩ་དོན་གསུམ་སྟེ། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཡིན། ཀྲུང་གོ་དང་ཨ་རིའི་སྤྱི་ཚོགས་ལམ་ལུགས་མི་འདྲ་སྟེ། དེ་ནི་རང་སོ་སོའི་མི་དམངས་ཀྱི་གདམ་གསེས་ཤིག་ཡིན་པས། ཕ་རོལ་པོ་སྒྱུར་བཀོད་དང་ཐ་ན་རྩ་སློག་གཏོང་འདོད་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། ཕན་ཚུན་ལ་བརྩི་འཇོག་ནི་རྣམ་འགྱུར་ཡང་དག་པ་དེ་ཡིན་པ་དང་། འདི་ནི་ཀྲུང་ཨའི་འབྲེལ་འདྲིས་ཀྱི་སྔོན་འགྲོའི་ཆ་རྐྱེན་རེད། ཞི་བདེ་མཉམ་གནས་ནི་འོས་ཤིང་འཚམ་ཤོས་དེ་རེད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་གདོང་གཏུག་ཤོར་མི་རུང་སྟེ། དེ་ལྟར་ན་འཛམ་གླིང་ལ་གནོད་འཚེ་ཕོག་ངེས་ཡིན་པས། ད་དུང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པ་དང་། བསམ་ཤེས་བྱེད་པ། ཡིད་ཆེས་འཛུགས་པ་བཅས་བྱེད་དགོས། མཉམ་ལས་མཉམ་རྒྱལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་ཨ་རིས་མཉམ་ལས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པས། གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཀྲུང་གོ་དང་ཨ་རིས་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་དགོས། འདིའང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་འཁུར་དགོས་པའི་རྒྱལ་སྤྱིའི་འགན་འཁྲི་ཞིག་ཀྱང་ཡིན།

   ཀྲུང་གོ་ཕྱོགས་ཀྱིས་རྩ་དོན་འདི་གསུམ་གཞིར་བཟུང་། ཨ་རི་ཕྱོགས་དང་བརྟན་བརླིང་དང་། བདེ་ཐང་། རྒྱུན་མཐུད་བཅས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བ་འཛུགས་པ་དང་། རྒྱལ་ཁབ་ཆེན་པོ་གཉིས་གོ་ལ་འདིའི་སྟེང་དུ་ཡང་དག་པའི་འབྲེལ་འདྲིས་བྱེད་ཐབས་འཚོལ་རྒྱུའི་གྲ་སྒྲིག་བྱས་ཡོད་པ་དང་། ཨ་རི་དང་ཀྲུང་གོ་ཕྱོགས་གཅིག་ཏུ་འགྲོ་བའི་རེ་བ་ཡོད། འོན་ཀྱང་གལ་སྲིད་ཨ་རི་ཕྱོགས་ཀྱིས་ཨུ་ཚུགས་ཀྱིས་ཀྲུང་གོར་གནོན་ཤུགས་སྤྲོད་པ་དང་བཀག་འགོག་བྱས་ན། ང་ཚོས་མཐའ་གཅིག་ཏུ་ཅིས་ཀྱང་རྒོལ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱི་ཕྱོགས་རྐྱང་པའི་བཙན་ཤེད་བྱ་སྤྱོད་ལ་བློ་བརྟན་འགྱུར་མེད་ཀྱིས་རྒོལ་གཏམ་གཏོང་ངེས་ཡིན། ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་། མི་རིགས་ཀྱི་ལ་རྒྱ་དང་ལུགས་མཐུན་གྱི་འཕེལ་རྒྱས་ཁེ་དབང་བཅས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་ངེས་ཡིན། ཀྲུང་གོས་འདི་ལྟར་བྱེད་དོན་ཡང་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་སྲུང་སྐྱོང་དང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་སྲུང་སྐྱོང་བྱེད་ཆེད་ཡིན། ཀྲུང་གོ་བ་ནམ་ཡང་ངན་རེངས་སྟོབས་ཤུགས་ལ་མི་སྐྲག་པ་དང་། ཀྲུང་གོ་གསར་པ་ནི་དཀའ་ངལ་དང་འགལ་རྐྱེན་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་ཁྲོད་འཕེལ་རྒྱས་དང་སྟོབས་ཆེར་སོང་བ་ཞིག་རེད། ཀྲུང་གོར་“རྒྱུ་སྐར་རྒྱུ་བ་ཡོ་གཟུར་མེད་པ་བཞིན། །དམ་པས་ནམ་ཡང་རང་སྟོབས་སྐྱེད་པར་བྱ། །”ཞེས་པའི་ཤོད་སྲོལ་ཡོད་པ་དང་། ད་དུང་“གང་དེ་སྟོབས་དང་ལྡན་གྱུར་བ། །གང་དེའི་དོན་ཡིན་གཞན་གྱིས་མིན། །སྐྱི་བསེར་རླུང་གིས་རི་སྒང་ལ། །འཇམ་པོས་བྱིལ་བྱིལ་བྱེད་ལ་ལྟོས། །གང་དེས་བཙན་ཤེད་བྱེད་པ་དེ། །གང་དེའི་དོན་ཡིན་གཞན་གྱིས་མིན། །དཀར་གསལ་ཟླ་འོད་སྔར་བཞིན་ནི། །ཆུ་ཀློང་ཆེན་པོར་འཕྲོས་ལ་ལྟོས། །”ཞེས་པའི་གཏམ་དཔེ་ཞིག་ཡོད། འདི་ནི་ཀྲུང་གོ་བའི་བློ་ཁོག་དང་ཀྲུང་ཧྭ་མི་རིགས་ཀྱི་གཤིས་རྒྱུད་ཡིན། ཁྱེད་རང་ཕྱོགས་བཞིའི་རླུང་ཡིན་ཡང་། །ང་ནི་སྔར་བཞིན་བརྟན་པོར་གནས། །