འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་18ཉིན།

༄༅།།ཀྲེ་ཅང་ཏེ་ཆིང་རྫོང་གིས་ཁྱད་ལྡན་གྲངས་འཛིན་དཔལ་འབྱོར་ལེགས་སུ་དང་སྟོབས་ཆེར་བཏང་བ།

ས་ཁམས་ཆ་འཕྲིན་ཐོན་ལས་ལ་ལས་རྣམ་གསར་པ་ཐོན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་18ཉིན། 13:33】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཀྲུང་ཝུན་དང་། ལིའུ་ཅུན་གོ

ཀྲེ་ཅང་ཧུའུ་ཀྲོའུ་ཏེ་ཆིང་རྫོང་གི་རིག་ནུས་དྲ་སྦྲེལ་རླངས་འཁོར་ཚོད་ལྟ་བྱ་ཡུལ་དུ་ཚོད་ལྟ་བྱེད་རྒྱུར་སྒུག་པའི་རླངས་འཁོར་གྱིས་ཁེངས།

དེ་ནི་ཀྲེ་ཅང་ཞིང་ཆེན་ནང་ཁོངས་ཀྱི་རླངས་འཁོར་རྐྱང་པའི་རིག་ནུས་དང་རིག་ནུས་དྲ་སྦྲེལ་ཚོད་ལྟའི་དགོས་མཁོ་དུས་གཅིག་ཏུ་སྐོང་ཐུབ་པའི་སྤྱི་པའི་ཚོད་ལྟ་བྱ་ཡུལ་འབའ་ཞིག་དེ་ཡིན་ཞིང་། དེ་གར་རླངས་འཁོར་ཁེ་ལས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།

རིག་ནུས་དྲ་སྦྲེལ་རླངས་འཁོར་གྱི་ཚོད་ལྟ་ནི་ཏེ་ཆིང་རྫོང་དུ་ཐོན་པའི་ས་ཁམས་ཆ་འཕྲིན་ཐོན་ལས་ཀྱི་ལས་རྣམ་གསར་པའི་གྲས་ཤིག་རེད། དེ་ནི་རྫོང་གྲོང་ལྷོ་རྒྱུད་ཀྱི་ས་ཁམས་ཆ་འཕྲིན་གྲོང་རྡལ་ཆུང་ངུར་གནས་ཤིང་། ཏེ་ཆིང་རྫོང་གི་ས་ཁམས་ཆ་འཕྲིན་ཐོན་ལས་ཀྱི་རུབ་འདུས་ཁུལ་རེད།

ཀྲེ་ཅང་གོ་ཡའོ་ས་ཁམས་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སིའི་རྒྱང་ཚོར་གྲངས་གཞི་ཆེན་པོའི་བཀོལ་སྤྱོད་ཞིབ་འཇུག་ལྟེ་གནས་སུ་ལས་དོན་པས་རྒྱང་ཚོར་གྲངས་གཞི་ཐག་གཅོད་དང་དབྱེ་ཞིབ་བྱེད་བཞིན་ཡོད། ཀྲེ་ཅང་གོ་ཡའོ་ས་ཁམས་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དབྱང་ཝེ་ཁྲེན་གྱིས“ང་ཚོས་རྒྱལ་ཡོངས་ལ་ཁྱབ་པའི་མཁའ་འགྲུལ་རྒྱང་ཚོར་དྲ་བ་བཙུགས་ནས་ཆ་འཕྲིན་གྱི་ཞབས་འདེགས་ཞུས་པས་ཕྱིར་ཚོང་དངུལ་འབོར་རྒྱུན་ཆད་མེད་པར་འཕར་ཡོད”ཅེས་བཤད།

ད་ཆ་ས་ཁམས་ཆ་འཕྲིན་གྲོང་རྡལ་ཆུང་ངུར་འབྲེལ་ཡོད་ཁེ་ལས་430ལྷག་ཙམ་བཅའ་སྡོད་བྱས་ཟིན་ནས་དེ་གར་མོ་ཀན་ཧྲན་ས་ཁམས་ཆ་འཕྲིན་ཚོད་ལྟ་ཁང་དང་། སའི་ཁབ་ལེན་ཚན་རིག་སྒྲིག་ཆས་ཆེ་གྲས་ཞིབ་འཇུག་ཁང་། ཀྲུང་གོ་ཚན་རིག་ཁང་གི་རླབས་ཕྲན་ཁྱད་ཆོས་ཚད་འཇལ་ཚོད་ལྟ་ཁང་སོགས་ཚན་རྩལ་གསར་གཏོད་ཀྱི་གཞི་རྟེན་རུབ་འདུས་བྱས་ཡོད་པ་དང་། ད་དུང་རྒྱལ་སྤྱིའི་འདུ་ཚོགས་ལྟེ་གནས་དང་། འགྲེམས་སྟོན་ལྟེ་གནས། ས་ཁམས་ཆ་འཕྲིན་ཚན་རྩལ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་དང་ཐོན་ལས་བ་གམ་60ལྷག་ཙམ་ཡོད།

“ས་ཁམས་ཆ་འཕྲིན་གྲོང་རྡལ་ཆུང་ངུ་དེ་རྒྱལ་ཡོངས་ཀྱི་ས་ཁམས་ཆ་འཕྲིན་ཐོན་ལས་གཅིག་སྡུད་བྱེད་ཚད་ཆེ་ཤོས་དང་། གསར་གཏོད་ནུས་པ་ཆེ་ཤོས། རྒྱལ་སྤྱི་ཅན་གྱི་ཆུ་ཚད་མཐོ་ཤོས་བཅས་ཀྱི་ས་ཁོངས་གྲས་ཤིག་ཏུ་གྱུར་ཡོད”ཧུའུ་ཀྲོའུ་མོ་ཀན་ཧྲན་མཐོ་གསར་ཁུལ་ས་ཁམས་ཆ་འཕྲིན་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཁྲེན་ཡན་ཧུང་གིས། འདི་གར་ནི་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ས་ཁམས་ཆ་འཕྲིན་ཚོགས་ཆེན་སྐབས་དང་པོ་འཚོག་ཡུལ་དང་། མཉམ་འབྲེལ་རྒྱལ་ཚོགས་གོ་ལ་ཧྲིལ་པོའི་ས་ཁམས་ཆ་འཕྲིན་ཤེས་བྱ་དང་གསར་གཏོད་ལྟེ་གནས་གནས་ཡུལ། ཀྲུང་གོའི་ཐིག་ལེན་རིས་འབྲིའི་ས་ཁམས་ཆ་འཕྲིན་ཚོགས་ཆེན་ཡུན་རིང་འཚོག་ཡུལ་བཅས་རེད་ཅེས་ངོ་སྤྲོད་བྱས་པ་རེད།

ས་ཁམས་ཆ་འཕྲིན་ཐོན་ལས་རྨང་གཞིར་བྱས་ཏེ་ཏེ་ཆིང་རྫོང་གིས་ཉེ་བའི་ལོ་ཤས་རིང“ས་ཁམས་ཆ་འཕྲིན་+རླངས་འཁོར་དྲ་སྦྲེལ”ཁྱད་ཆོས་སུ་བྱས་པའི་གྲངས་འཛིན་དཔལ་འབྱོར་ལེགས་སུ་དང་སྟོབས་ཆེར་གཏོང་བར་འབད་བརྩོན་བྱས་པ་ལས་2024ལོར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཚན་ལྔ་རིག་ནུས་དྲ་སྦྲེལ་རླངས་འཁོར“རླངས་འཁོར་དང་ལམ་ཐིག་སྤྲིན་ཚོམ་གཞི་གཅིག་ཅན”གྱི་ཚོད་ལྟ་ཁག་དང་པོར་གྲུབ་འབྲས་ཐོབ་པའི་ངང་ཚུད་ཡོད། མིག་སྔར། ཏེ་ཆིང་རྫོང་གིས་ཕྱོགས་གཉིས་སུ་སྤྱི་ལེ་600ཡི་རིག་ནུས་བགྲོད་ལམ་བསྐྲུན་ནས་རང་འགུལ་འཁོར་གཏོང་གྲངས་གཞི་ཐག་གཅོད་དང་མཐུན་སྦྱོར་ལྟ་འདོམས་བྱེད་ནུས་ལྡན་པའི་གྲོང་ཁྱེར་གྱི་རིག་ནུས་དྲ་སྦྲེལ་སྤྲིན་ཚོམ་ཚོད་འཛིན་ལས་སྟེགས་བཏོད་ཡོད།

2024ལོའི་ཟླ་7པར། ཏེ་ཆིང་རྫོང་གིས་ས་ཁམས་ཆ་འཕྲིན“རྩེ་གྲ་གཏོད་པའི་བྱ་སྤྱོད”སྤེལ་ཞིང་། ལོ་གསུམ་གྱི་འབད་འཐབ་ལ་བརྟེན་ནས“ས་ཁམས་ཆ་འཕྲིན་+”ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་600ལས་བརྒལ་བར་སྐུལ་འདེད་གཏོང་རྒྱུ་རེད།

ཏེ་ཆིང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝང་པོ་ཡིས“ང་ཚོས་ས་ཁམས་ཆ་འཕྲིན་ཐོན་ལས་དེ་གསར་གཏོད་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པར་བརྩིས་ནས། འགྲན་རྩོད་ཀྱི་ལེགས་ཆ་གསར་པ་དང་འཕེལ་རྒྱས་ཀྱི་སྒུལ་ཤུཌ་གསར་པ་མགྱོཌ་མྱུར་ཆགས་པར་བྱེད་ཀྱི་ཡིན”ཞེས་བཤད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)