གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་18ཉིན། 13:35】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཆུ་ཚད་མཐོ་བའི་ཞིང་ལས་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། འཛམ་གླིང་གི་ཚན་རྩལ་གསར་ཤོས་ལ་དམ་པོར་དམིགས་པ་དང་ཐོན་ལས་འཕྲལ་མཁོའི་ཕྱོགས་སྟོན་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག ཞིང་ལས་གྲོང་གསེབ་པུས་ཉེ་ཆར《རྒྱལ་ཡོངས་ཀྱི་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་གཙོ་གནད་ཁྱབ་ཁོངས(2024ལོ་ནས་2028ལོ་བར)》བཟོས་ནས་བཀྲམ་སྟེ། ཞིང་ལས་ཀྱི་སྣ་ཁ་འདེབས་གསོ་དང་། རྨོ་ཞིང་གི་སྤུས་ཚད་མཐོར་གཏོང་། ཞིང་འཕྲུལ་སྒྲིག་ཆས་ཞིབ་བཟོ། ཞིང་ལས་སྐྱེ་དངོས་ཀྱི་ནད་དང་གནོད་འབུའི་སྔོན་འགོག་ཚོད་འཛིན། སྒོ་ཕྱུགས་དང་། ཁྱིམ་བྱ། ཆུ་ནང་སྲོག་ཆགས་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན། ཕན་ནུས་ཆེ་བའི་འདེབས་གསོ། ལྗང་མདོག་ཐཱན་ཉུང་ཞིང་ལས། ཞིང་ལས་ཐོན་རྫས་ལས་སྣོན་དང་བཟོ་བ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས། གྲོང་གསེབ་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ཆེན་པོ་བཅུ་ལ་དམིགས་ནས། ཆུ་ཚད་མཐོ་བའི་ཞིང་ལས་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་གསར་གཏོད་དེ་སྤྱི་ཡོངས་ནས་འཛམ་གླིང་གི་ཨང་དང་པོའི་གྲས་སུ་སླེབས་ཡོད་པ་དང་ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་ཕུལ་ཚད་63%ལྷག་ཙམ་ཟིན་ཡོད། ཡིག་ཆའི་ནང་བསྟན་དོན། མིག་སྔར། སྐྱེ་དངོས་ལག་རྩལ་དང་ཆ་འཕྲིན་ལག་རྩལ་ཁྱད་ཆོས་སུ་བྱས་པའི་རེས་སྐོར་གསར་པའི་ཞིང་ལས་ཚན་རྩལ་གསར་བརྗེས་ཚད་བརྒལ་ཆེན་པོ་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། ཞིང་ལས་ཚན་ཞིབ་སྤྱི་འགྲོས་ལ་འཕོ་འགྱུར་གཏིང་ཟབ་བྱུང་བ། རིག་ཚན་སྤེལ་རེས་མཉམ་འདྲེས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ། གཞི་རྒྱུ་སྒྲིག་སྦྱོར་དང་། འདུས་གྲུབ་སྐྱེ་དངོས། མི་ཐབས་རིག་ནུས་སོགས་གསར་དར་ལག་རྩལ་རྒྱུན་མཐུད་རིམ་འཇུག་བྱུང་བ། འཛམ་གླིང་ཞིང་ལས་ཚན་རྩལ་གྱི་མདུན་གྲལ་དུ་སླེབས་པར་སྣེ་ཁྲིད་བཅས་བྱས་ཏེ། ཞིང་ལས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མགྱོགས་མྱུར་བསྐྱར་སྒྲིག་བྱེད་པར་སྐུལ་འདེད་བཏང་ཡོད།