གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་18ཉིན། 13:38】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཀྲི་ཆང་།
མ་འཇོག་ནི་མིག་སྔའི་དགོས་མཁོ་ཡིན་ལ་འབྱུང་འགྱུར་གྱི་མཁོ་སྤྲོད་ཀྱང་ཡིན་པས། འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག སྒུལ་ནུས་སྐྱེད་སྲིང་། དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་སོགས་ལ་འགག་རྩའི་ནུས་པ་འདོན་བཞིན་ཡོད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“མ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་དགོས་པ”དང་“ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་འོས་འཚམ་མང་དུ་གཏོང་དགོས”ཞེས་བཏོན་ཡོད། དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་མ་འཇོག་གི་འགག་རྩའི་ནུས་པ་སྔར་ལས་ལེགས་པར་ཇི་ལྟར་འདོན་དགོས་སམ།
“2025ལོར་ང་ཚོས་ས་གནས་ཁག་དང་སྡེ་ཚན་ཁག་དང་མཉམ་དུ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་བར་སྔར་བས་དམིགས་ཏེ་གནད་སྨིན་ཤུགས་འདོན་བྱེད་ཀྱི་ཡིན”ཞེས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཁྲེན་ཤིན་གྱིས་ཕྱོགས་གསུམ་གྱི་ཐོག་ནས་ངོ་སྤྲོད་བྱས་པ་རེད།
—— སྤུས་ཚད་མཐོ་པོས“གལ་ཆེན་གཉིས”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།
དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམས་སྤེལ་བྱས་ཏེ“གལ་ཆེན་གཉིས”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་འགན་ལེན་ཡག་པོ་བྱས་ཤིང་། མིག་སྔའི་བར་2024ལོའི་སྒོར་དུང་ཕྱུར་7000གི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱིས་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གཞི་རྩའི་ཆ་ནས་ཚང་མ་ལས་འགོ་ཚུགས་པ་དང་མ་དངུལ་སྒོར་དུང་ཕྱུར་1.2ལྷག་ཙམ་བཏང་ཟིན་པ། 2025ལོའི་སྒོར་དུང་ཕྱུར་1000ཙམ་གྱི་རྣམ་གྲངས་གསལ་ཐོ་ཡང་སྔ་སྣུར་དུ་བཀྲམ་ཡོད།
ཀྲའོ་ཁྲེན་ཤིན་གྱིས། 2025ལོར་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམས་སྤེལ་གཞི་ཁྱོན་ཆེ་རུ་གཏོང་བ་དང་།“གལ་ཆེན་གཉིས”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། རྒྱལ་བུན་མ་དངུལ་གྱིས་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་བསྡུར་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་བཅས་རེད། “མ་འཇོག་མཁྲེགས་པོ”དང“འཛུགས་སྐྲུན་མཉེན་པོ”སྤྱི་འདོམས་ཡག་པོ་བྱས་ཏེ་རྣམ་གྲངས“གལ་ཆེན་གཉིས”ཀྱི་ངོ་བོ་དང་མཐུན་པའི་འགན་ལེན་བྱེད་པ་དང་དུས་མཚུངས། རྣམ་གྲངས་མ་དངུལ་བསྡུ་སྒྲིལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་རྣམ་གྲངས་འཁོར་སྐྱོད་དོ་དམ་སྲུང་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ལ་དོན་དངོས་ཀྱི་འཕེལ་རིམ་དང་གསར་གཏོད་ཀྱི་ཚད་བརྒལ་དེ་བས་མང་པོ་ཡོང་བར་བྱེད་ཀྱི་ཡིན་ཞེས་བཤད།
—— ཕན་འབྲས་ཆེན་པོས་སྲིད་གཞུང་གི་མ་འཇོག་བེད་སྤྱོད་ཡག་པོ་བྱས་པ།
2024ལོར་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་རྒྱབ་སྐྱོར་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་1.3ལྷག་ཙམ་བཏང་བ་དང་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་རྒྱབ་སྐྱོར་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་3.6ལྷག་ཙམ་བཏང་ཡོད།
ཀྲའོ་ཁྲེན་ཤིན་གྱིས། 2025ལོར་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་གཞི་ཁྱོན་འོས་འཚམ་ཆེ་རུ་གཏོང་བ་དང་འབྲེལ་རྒྱབ་སྐྱོར་ཁྱབ་ཁོངས་ལེགས་སུ་གཏོང་བ་དང་། ཁྲོམ་རའི་ཐོན་ཁུངས་བཀོད་སྒྲིག་ནུས་ལྡན་བྱེད་མི་ཐུབ་པའི་སྤྱི་པའི་ཁྱབ་ཁོངས་ཀྱི་རྣམ་གྲངས་ལ་དམིགས་ཏེ་རྒྱུན་མཐུད་ངང་ཞན་ཆ་སེལ་བ་དང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ་ཐོབ་པ་བཅས་བྱ་རྒྱུ་དང་། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“དྲང་ཕྱོགས”དང་“ལྡོག་ཕྱོགས”ཀྱི་གསལ་ཐོ་གཉིས་བེད་སྤྱོད་ཡག་པོ་བྱས་ཏེ། ཆེད་དོན་བུན་འཛིན་གྱི་མ་འཇོག་ཕན་འབྲས་སྔར་ལས་ལེགས་པར་འདོན་རྒྱུ། དེ་དང་ཆབས་ཅིག“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་འདུ་འགོད་གལ་ཆེན་102མགྱོགས་མྱུར་ལག་བསྟར་བྱས་ནས་བདེ་བླག་ངང་མཇུག་སྒྲིལ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
—— ཆུ་ཚད་མཐོ་པོས་སྤྱི་ཚོགས་ཀྱི་མ་འཇོག་སྐོང་འཐེན་བྱས་པ།
2024ལོར་འབྲེལ་ཡོད་སྡེ་ཚན་གྱིས་དམངས་ཁྲོད་མ་རྩར་རྣམ་གྲངས་འོས་སྦྱོར་ཧུར་ཐག་བྱས་པ་དང་། དམངས་གཉེར་ཁེ་ལས་ཉིང་རྡུལ་གློག་སོགས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་ཡིད་རྟོན་མངག་བཅོལ་ཐེབས་རྩ(REITs)རྣམ་གྲངས་28འགྲེམས་སྤེལ་བྱས་པ། སྲིད་གཞུང་དང་སྤྱི་ཚོགས་མ་རྩ་མཉམ་ལས(PPP)ལམ་སྲོལ་གསར་པའི་རྣམ་གྲངས་734ལག་བསྟར་བྱས་པ་བཅས་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.5ལྷག་ཙམ་བཏང་ཡོད།
ལོ་གསར་པར་དམངས་གཉེར་ཁེ་ལས་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ནང་ཞུགས་པའི་ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དམངས་ཁྲོད་མ་རྩར་མུ་མཐུད་རྣམ་གྲངས་ངོ་སྤྲོད་བྱས་ནས་དམངས་ཁྲོད་མ་འཇོག་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་གཏོང་རྒྱུ་ཡིན་པ་རེད། དམངས་ཁྲོད་ཀྱི་མ་འཇོག་རྣམ་གྲངས་གཙོ་གནད་ཐོག་གདམ་གསེས་བྱས་ཏེ་མ་འཇོག་དང་དངུལ་བུན་མཉམ་འགུལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། PPPལམ་སྲོལ་གསར་པའི་རྣམ་གྲངས་དེ་བས་མང་བ་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་ནས་རྨང་གཞིའི་སྒྲིག་བཀོད་REITsཁྲོམ་ར་དང་ཤོང་ཚད་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་རེད། “བྱེད་ཐབས་དེ་དག་སྤྱད་དེ་དམངས་གཉེར་ཁེ་ལས་ལ་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་། མ་དངུལ་བསྡུ་སྒྲིལ་མཐོ་བ། དེ་བཞིན་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གཞན་དག་བཅས་ཐག་གཅོད་བྱ་རྒྱུར་མུ་མཐུད་རོགས་རམ་བྱ་རྒྱུ་ཡིན”ཞེས་ཀྲའོ་ཁྲེན་ཤིན་གྱིས་བཤད།