—— ཡུན་ནན་ཧུའེ་ཙེས“ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པར”སྐུལ་འདེད་གཏོང་བའི་སྐོར་གྱི་མཐོང་ཐོས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་18ཉིན། 13:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུང་ཤོན་ཨང་།
ཝུའུ་མོང་རི་ཁུལ་དུ་གནས་པའི་ཡུན་ནན་ཞིང་ཆེན་ཧུའེ་ཙེ་རྫོང་ནི་ངལ་ནུས་ཕྱིར་གཏོང་གི་རྫོང་ཆེན་པོ་ཞིག་ཡིན་པ་དང་། མང་ཤོས་ཀྱི་དུས་སུ་ལོ་ལྟར་མི་ཁྲི་40ལྷག་ཙམ་ཕྱིར་གླ་པར་འགྲོ་ཡི་ཡོད། ཉེ་བའི་ལོ་ཤས་རིང་། མི་འབོར་ཁྲི་བརྒྱ་ལས་བརྒལ་བའི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་འདིར“ཕྱིར་གླ་པར་འགྲོ་བ”ནས“ཕ་ཡུལ་དུ་ལོག་པའི”བར་གྱི་འགྱུར་ལྡོག་བྱུང་བ་སྟེ། 2024ལོར་མང་ཚོགས་ཁྲི་14.4ཐག་ཉེ་ས་དང་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་ཡོད། “ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་ནས་འབབ་འཕར་ཡོང་བ”དེ་མང་ཚོགས་དེ་བས་མང་བའི་འཚོ་བའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།
ཉེ་ཆར། ཧུའེ་ཙེ་རྫོང་གིས་ཐག་ཉེ་ས་དང་རང་ས་རང་ཡུལ་དུ་ལས་ཞུགས་ཀྱི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་ཤིག་འཚོགས་ཤིང་། ས་གནས་དེ་གའི་ཁེ་ལས་36ཡིས་རྫོང་གྲོང་དུ་ལས་ཞུགས་ཀྱི་ལས་གནས་8000ལྷག་ཙམ་མཁོ་འདོན་བྱས་ཡོད། དབྱི་ལི་ཁྲོམ་གཞུང་ཆིང་ཧྲུའེ་སྡེ་ཁུལ་གྱི་མང་ཚོགས་ཡིའུ་ཐིང་ཤིའུ་ཞོགས་པ་སྔ་པོ་ནས་དེ་གར་ཡོང་སྟེ་ཁྱིམ་དང་ཐག་ཉེ་ཙམ་དང་ལས་ཀའི་དུས་ཚོད་སྟབས་བསྟུན་གྱི་ལས་ཀ་ཞིག་འཚོལ་འདོད་ཡོད་པ་རེད།
ཡིའུ་ཐིང་ཤིའུ་ཡིས“དེ་སྔ་ཞིང་ཆེན་གཞན་དུ་གླ་པར་འགྲོ་ཡི་ཡོད། ད་ཆ་རྒན་རྒོན་ལ་ལྟ་རྟོག་དང་ཕྲུ་གུ་སློབ་གྲྭར་སྐྱེལ་བསུ་བྱེད་དགོས་པས་ཁྱིམ་ཚང་ལའང་འཐུས་ཤོར་མི་འགྲོ་བའི་ལས་ཀ་ཞིག་འཚོལ་འདོད”ཅེས་གསར་འགོད་པར་བཤད་ཅིང་། ཁོ་མོ་ནི་དབྱི་ལི་སྲང་ལམ་གྱི་གནས་སྤོས་མང་ཚོགས་ཡིན་ཞིང་། ཁྱིམ་གྱི་འཁོས་ཀ་ལེགས་སུ་གཏོང་ཆེད། ཁོང་བཟའ་ཚོ་གཉིས་ཀྱིས་ཧང་ཀྲོའུ་དང་ཧྲའོ་ཤིང་སོགས་སུ་གླ་པར་འགྲོ་མྱོང་ཡོད། ཉེ་བའི་ལོ་ཤས་རིང་ཕ་ཡུལ་འཕེལ་རྒྱས་མྱུར་པོ་བྱུང་བའི་དབང་གིས་ཁོ་མོར་ཕ་ཡུལ་དུ་ལོག་ནས་ཞོར་ལས་བྱེད་པ་དང་ནང་མི་དང་མཉམ་འཛོམས་བྱེད་པའི་བསམ་ཚུལ་བྱུང་བ་རེད། ལས་མི་བསྡུ་བའི་འདུ་ཚོགས་འཚོག་ཡུལ་དུ་སྒྲིག་འཛུགས་བྱས་པའི་ཁེ་ལས་ཀྱི་ལྟ་སྐོར་བྱེད་སྒོར་ཞུགས་རྗེས། ཡིའུ་ཐིང་ཤིའུ་ཡིས་ཁྱིམ་དང་ཐག་ཉེ་བའི་གློག་རྡུལ་ལྷུ་ལག་བཟོ་གྲྭ་ཞིག་ཏུ་ལས་ཀར་འགྲོ་རྒྱུའི་སེམས་ཐག་བཅད།
ཧུའེ་ཙེ་རྫོང་མི་སྤྱི་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཧྲུན་ཝུན་གྱིས“མི་སྤྱི་སྡེ་ཚན་གྱིས་མང་ཚོགས་དང་ཁེ་ལས་ལ་ལས་གནས་འདེམས་པ་དང་ལས་བཟོ་སྤྱོད་པའི་འབྲེལ་ཟམ་ཧུར་ཐག་བསྐྲུན་ནས་མང་ཚོགས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པའི་རོགས་རམ་བྱས་ཡོད། ཐག་ཉེ་ས་དང་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་པ་ལས་མང་ཚོགས་ལ་ཡོང་འབབ་བརྟན་པོ་རག་པ་མ་ཟད། རྒན་རྒོན་དང་བྱིས་པར་ལྟ་རྟོག་བྱེད་པའི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད། ཧུའེ་ཙེ་རྫོང་གིས་མུ་མཐུད་ནས་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་སྒྲིག་འཛུགས་དང་ཉིན་གླའི་ཁྲོམ་ར་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་བ་བྱེད་ཀྱི་ཡིན”ཞེས་བཤད།
ཀྲུང་ཕིང་ཁྲོམ་གཞུང་ནི་ཧུའེ་ཙེ་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྫོང་གི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་གྲས་ཤིག་ཡིན་ཞིང་། གནས་སྤོས་མང་ཚོགས་དུད་ཚང་ཁྲི་1.15ཡི་མི་ཁྲི་4.87ཡོད་པས་མང་ཚོགས་ཐག་ཉེ་ས་དང་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་པ་བརྒྱུད“མཉམ་འདྲེས་དང་འབབ་འཕར་ཡོང་བ”བྱ་རྒྱུ་ནི་ཀྲུང་ཕིང་ཁྲོམ་གཞུང་གི་གཙོ་གནད་ལས་དོན་ཞིག་ཏུ་གྱུར་ཡོད།
ཁྲོམ་གཞུང་དུ་གསར་དུ་བསྐྲུན་པའི་ཧྲང་ཧའེ་དང་ཡུན་ནན་མཉམ་ལས་ཐོན་ལས་གླིང་དུ་ཧུའེ་ཙེ་ཧེང་ཡུས་གློག་རྡུལ་ཚད་ཡོད་ཀུང་སིའི་སྨི་ངོས་གྲུ་5000ཟིན་པའི་འཁོར་ཁང་ནང་འཕྲུལ་འཁོར་མང་པོ་ཞིག་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད། “ང་ཚོས་ལོ་གསར་གོང་ཕྱིར་གླ་པར་སོང་བའི་མང་ཚོགས་ཕ་ཡུལ་དུ་ལོག་པའི་དུས་ཚོད་དམ་འཛིན་གྱིས་ཚང་མས་དཔྱིད་གསར་དུས་ཆེན་གོང་ལས་གནས་ཚོད་ལྟ་དང་གན་རྒྱ་འཇོག་པ་དང་ལོ་གསར་བཏང་རྗེས་དངོས་སུ་ལས་ཀར་ཡོང་བའི་སྐུལ་ལྕག་བྱས་ཡོད། འཁོར་ཁང་དེ་ཟླ་2པ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ནས་མི་700ལྷག་ཙམ་ལས་ཀར་བསྡུས་ཡོད”ཅེས་ཁེ་ལས་ཀྱི་འགན་འཁུར་བ་ཧྲེང་ཡུང་ཤིན་གྱིས་ངོ་སྤྲོད་བྱས།
ཧུའེ་ཙེ་རྫོང་ཨུད་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཏ་ཡིས། ཧུའེ་ཙེ་རྫོང་གིས་བེད་མེད་ཐོན་ཁུངས་གང་འགབ་ཅི་སྤྱོད་དང་ཐོན་ལས་གླིང་གསར་སྐྲུན་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད“ཁྱིམ་གྱི་སྒོ་རྩར་ཡོད་པའི་ཞོར་ལས་འཁོར་ཁང”246བསྐྲུན་ནས་མང་ཚོགས་ལ་ལས་གནས་རྒྱུན་མཐུད་ངང་བཏོད་ཡོད། ལས་གནས་ཀྱི་ཟླ་རེའི་ཆ་སྙོམས་གླ་ཕོགས་སྒོར་3500ཟིན་ནས་མཚོ་རྒྱུད་ས་ཆར་ཞོར་ལས་བྱས་པའི་ཡོང་འབབ་དང་ཧེ་བག་ཆུང་དུ་བཏང་བས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་ཆེ་རུ་ཕྱིན་ཡོད་ཅེས་བཤད། (ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཚེ་སྒྲོལ་དང་བསྟན་བཟང་གིས་ཞུས)