གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་18ཉིན། 14:07】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་17ཉིན་ཡུག་རེན་གྱི་གནད་དོན་ལ་གྲོས་ཞིབ་བྱས། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱེད་མཁན་འཐུས་མི་ཧྥུའུ་ཚུང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་མ་ཟད་གཏམ་བཤད་སྤེལ་ནས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་གིས་གྲོས་མོལ་བྱས་པ་བརྒྱུད་ཡུག་རེན་གྱི་ཉམས་ཉེན་གྱི་འབྱུང་རྩའི་རང་བཞིན་གྱི་གནད་དོན་མཉམ་དུ་ཐག་གཅོད་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོ་རོབ་གླིང་དང་། ཨེ་ཤ་ཡ་དབུས་མ། ཨ་མེ་རི་ཁ་གླིང་བཅས་ཀྱི་ལས་དོན་ལ་འགན་འཁུར་བའི་དྲུང་ཡིག་ཆེན་མོའི་ལས་རོགས་པ་ཡན་ཆ་ཡིས་བརྡ་ཁྱབ་གཏོང་སྐབས། ཡུག་རེན་དང་འབྲེལ་བ་ཡོད་པའི་ཞི་བདེའི་གྲོས་མཐུན་གང་ཞིག་ཡིན་རུང་ཚང་མས་ངེས་པར་དུ་རྒྱལ་ཁབ་དེའི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱ་དགོས་པ་དང་། ཕྱི་འབྲེལ་ལ་འབད་བརྩོན་བྱེད་པའི་སྲོག་ཤིང་ནི་དྲང་གཞག་དང་ཡུན་རིང་གི་ཞི་བདེ་ཡོང་བར་འགན་སྲུང་ཏན་ཏིག་བྱ་རྒྱུར་དམིགས་དགོས་ཞེས་ནན་བཤད་བྱས་ཡོད།
ཧྥུའུ་ཚུང་གིས། འཛམ་གླིང་དུ་རྩོད་གཞི་དང་གདོང་གཏུག་ཐད་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་གླེང་མོལ་དང་གྲོས་བསྡུར་བྱས་ཏེ། ཞི་བའི་ཐབས་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཨུ་རུ་སུ་དང་ཡུག་རེན་གྱི་གདོང་གཏུག་གི་གནད་དོན་ཐད་ལའང་དེ་དང་འདྲ་བ་རེད་ཅེས་བཤད།
ཧྥུའུ་ཚུང་གིས། མིག་སྔར་ཡུག་རེན་གྱི་གནད་དོན་མི་འགྱངས་བར་གྲོས་མོལ་ཐག་གཅོད་བྱེད་པའི་གནད་འགག་གི་དུས་སྐབས་བསུ་རྒྱུ་ཡིན། ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་ཞི་བདེ་ཡོང་བའི་གྲོས་མོལ་བྱེད་འགོ་འཛུགས་རྒྱུའི་སྐོར་གྱི་ངོས་འཛིན་གཅིག་མཐུན་བྱུང་བ་ཚུད་པའི་ཞི་བདེ་ཡོང་བའི་འབད་བརྩོན་མཐའ་དག་ལ་ཀྲུང་གོ་ཕྱོགས་ནས་དགའ་པོ་བྱེད་ཀྱི་ཡོད། དུས་མཚུངས་སུ་ཀྲུང་གོ་ཕྱོགས་ནས་ཀྱང་ཞི་བདེ་ཡོང་བའི་གྲོས་མོལ་གྱི་འཕེལ་རིམ་ནང་ཞུགས་ཐུབ་པ་དང་། དྲང་གཞག་དང་། ཡུན་རིང་། གཅུན་ནུས་ལྡན་པ། དོ་བདག་ཕྱོགས་ཚང་མས་དང་ལེན་བྱེད་པ་བཅས་ཀྱི་ཞི་བདེའི་གྲོས་མཐུན་འཇོག་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད། དམག་འཁྲུག་ཡོ་རོབ་གླིང་གི་ས་གཞི་ཆེན་པོར་བྱུང་བས་ཡོ་རོབ་གླིང་གིས་ཞི་བདེའི་ཆེད་དུ་ནུས་པ་འདོན་དགོས་ངེས་རེད། ཀྲུང་གོ་ཕྱོགས་ནས་ཕྱོགས་སོ་སོས་གྲོས་མོལ་བྱེད་པར་བརྟེན་ནས། ཉམས་ཉེན་གྱི་འབྱུང་རྩའི་རང་བཞིན་གྱི་གནད་དོན་མཉམ་དུ་ཐག་གཅོད་བྱས་ཏེ་དོ་མཉམ་དང་། ཕན་ནུས་ལྡན་པ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་བདེ་འཇགས་གཞི་སྒྲོམ་རྙེད་ཐབས་བྱས་ནས་ཡོ་རོབ་སྐམ་ས་ཆེན་པོ་ཡུན་རིང་བདེ་འགོད་ཡོང་བ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།