གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་18ཉིན། 14:08】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་ཟླ་2ཚེས་17ཉིན་འཚོགས་པའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། ཨ་རིའི་རྒྱལ་དོན་ཁང་གིས་ཨ་རི་དང་ཐའེ་ཝན་བར་གྱི་འབྲེལ་བའི་དོན་དངོས་གསལ་ཐོ་བཟོ་བཅོས་བརྒྱབ་པའི་ཐད། གོ་ཅ་ཁུན་གྱིས་བཤད་དོན། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་གྱི་སྲིད་གཞུང་ཉག་ཅིག་ཡིན། འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ངོས་འཛིན་གཅིག་མཐུན་བྱེད་པ་དང་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཡིན་ལ། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ནང་བཞག་པའི་བརྗིད་ཉམས་ལྡན་པའི་དམ་བཅའ་ཡིན། ལོ་རྒྱུས་ལ་གཡོ་བཅོས་བྱེད་མི་རུང་བ་དང་དོན་དངོས་ཁས་མི་ལེན་པ་བྱེད་མི་རུང་།
ཨ་རིའི་རྒྱལ་དོན་ཁང་གིས་ཨ་རི་དང་ཐའེ་ཝན་བར་གྱི་འབྲེལ་བའི་དོན་དངོས་གསལ་ཐོ་བཟོ་བཅོས་བརྒྱབ་སྟེ། ཐའེ་ཝན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ལངས་ཕྱོགས་ཕྱིར་བཤོལ་ཚབས་ཆེན་བྱས་པ་དང་། ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་དང་ཚབས་ཆེན་འགལ་བ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་ཚབས་ཆེན་འགལ་བ། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་ཚབས་ཆེན་བཏང་བ་བཅས་ནི་ཨ་རི་ཕྱོགས་ཀྱིས་“ཐའེ་ཝན་ལ་བརྟེན་ནས་ཀྲུང་གོར་དབང་སྒྱུར་བྱེད་པའི་”ནོར་འཁྲུལ་གྱི་སྲིད་ཇུས་ཤིག་ཡིན་པ་ཡང་བསྐྱར་ར་འཕྲོད་བྱུང་ཡོད། ང་ཚོས་ཨ་རི་ཕྱོགས་ལ་འཕྲལ་མར་ནོར་འཁྲུལ་ཡོ་བསྲང་དང་། ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་བརྩི་སྲུང་ཏན་ཏིག་བྱས་ནས། ཐའེ་ཝན་གྱི་གནད་དོན་གཟབ་ནན་དང་གཟབ་ནན་གྱིས་ཐག་གཅོད་པ། “ཐའེ་ཝན་ལ་བརྟེན་ནས་ཀྲུང་གོར་དབང་སྒྱུར་”བྱེད་མཚམས་འཇོག་པ། ཨ་རི་དང་ཐའེ་ཝན་བར་གྱི་ངོ་བོའི་འབྲེལ་བ་རིམ་སྤོར་བྱེད་མཚམས་འཇོག་པ། ཐའེ་ཝན་ལ་རོགས་རམ་བྱས་ནས་རྒྱལ་སྤྱིའི་བར་སྟོང་རྒྱ་སྐྱེད་གཏོང་མཚམས་འཇོག་པ། “ཐའེ་ཝན་རང་བཙན་”ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་པ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་དང་ཐའེ་ཝན་མཚོ་འགག་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་གནོད་འཚེ་སྔར་ལས་ཚབས་ཆེན་མི་ཡོང་བར་བྱ་དགོས།