ལི་ཁྲེང་ཀང་།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་19ཉིན། 10:05】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འཛམ་གླིང་ཚོང་དོན་རྩ་འཛུགས་ནི་ཕྱོགས་མང་རིང་ལུགས་ཀྱི་ཀ་རྟེན་གལ་ཆེན་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་གར་སྟེགས་གལ་ཆེན་ཞིག་ཀྱང་ཡིན། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བ། འཛམ་གླིང་ཚོང་དོན་རྩ་འཛུགས་བཙུགས་ནས་ལོ་30འཁོར་བ་བཅས་ཀྱི་ལོ་ཞིག་རེད།
འཛམ་གླིང་ཚོང་དོན་རྩ་འཛུགས་བཙུགས་ཚུན། ཁོངས་མི་76ནས་166བར་མང་དུ་ཕྱིན་པ་དང་། གོ་ལ་ཧྲིལ་པོའི་དངོས་ཟོག་དང་ཞབས་ཞུའི་ཚོང་དོན་ཕྱིར་གཏོང་དེ་1995ལོའི་ཨ་སྒོར་དུང་ཕྱུར་ཁྲི་6.3ནས་2023ལོའི་ཨ་སྒོར་དུང་ཕྱུར་ཁྲི་31.3བར་འཕར་ཏེ། གོ་ལ་ཧྲིལ་པོའི་རིན་ཐང་འཁོར་འབྲེལ་འཕེལ་རྒྱས་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཆེན་པོ་བཏང་བ་དང་གོ་ལ་ཧྲིལ་པོའི་མི་དུང་ཕྱུར་15ལྷག་ཙམ་དབུལ་པོ་དབུལ་རྐྱང་ལས་ཐར་རྒྱུར་རོགས་རམ་བྱས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེགས་བྱས་ཡོད།
འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཚོང་དོན་གྱི་སྒྲིག་སྲོལ་ལ་གྲོས་མོལ་དང་། ཚོང་དོན་སྲིད་ཇུས་ལ་གྲོས་ཞིབ། ཚོང་དོན་རྩོད་གཞི་ཐག་གཅོད། ནུས་པ་འཛུགས་སྐྱོང་སོགས་དམིགས་བསལ་གྱི་ནུས་པར་བརྟེན་ནས་ཕྱོགས་མང་ཚོང་དོན་བཅོས་སྐྱོང་བྱེད་པའི་ཐབས་ལམ་གཙོ་བོའི་ནུས་པ་བཏོན་ཡོད། འདས་ཟིན་པའི་ལོ་30རིང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་གྲོས་མོལ་བྱས་པ་བརྒྱུད《ཚོང་དོན་སྟབས་བདེ་ཅན་གྱི་གྲོས་ཆོད》དང་། 《ཉ་ལས་ཁ་གསབ་གྲོས་ཆོད》 《ཆ་འཕྲིན་ལག་རྩལ་གྲོས་ཆོད》སོགས་ཚོང་དོན་གྲོས་ཆོད་བཞག་པར་དངོས་ཟོག་དང་། ཞབས་ཞུ། ཤེས་བྱའི་བདག་དབང་། ལྗང་མདོག གྲངས་འཛིན་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད་ལ། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་མུ་མཐུད་གསར་བརྗེས་བྱས་ཡོད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བའི་ཁོངས་མིར་ཚོང་དོན་སྲིད་ཇུས་ཀྱི་གྲོས་ཞིབ་ཐེངས་460ལྷག་ཙམ་བྱས་ཏེ། ཁོངས་མིའི་དཔལ་འབྱོར་ཚོང་དོན་གྱི་སྲིད་ཇུས་བྱེད་ཐབས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་དང་མཐུན་པར་འགན་ལེན་དང་ཚོང་དོན་སྲིད་ཇུས་ཁ་གསལ་ཡོང་བར་སྐུལ་འདེད་བཏང་སྟེ། ཐོན་སྐྱེད་གཞི་རྒྱུ་སྣ་ཚོགས་རྒྱལ་སྒྲོལ་འཁོར་རྒྱུག་ཡོང་བར་སྟབས་བདེ་བསྐྲུན་ཡོད། གྲོས་མོལ་དང་། འདྲི་ཞིབ། འདུམ་གཅོད། འདུམ་འགྲིག་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ཁོངས་མིའི་དབར་གྱི་ཚོང་དོན་རྩོད་གཞི་ཐག་གཅོད་བྱེད་རོགས་བྱས་ཏེ་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་གྱི་དབང་གྲགས་རང་བཞིན་དང་ཕན་ནུས་རང་བཞིན་ལ་སྲུང་སྐྱོང་བྱས་ཡོད། “ཀྲུང་གོའི་རྣམ་གྲངས”སོགས་ཕྱོགས་མང་ཐོན་ཁུངས་སྣ་ཚོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མིའི་དཔོན་རིགས་མི་ཐེངས་ཁྲི་31གསོ་སྦྱོང་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་མིའི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་ཕྱོགས་མང་ཞུགས་པའི་ནུས་པ་ཆེ་རུ་བཏང་ཡོད། གཞན་ཡང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དང་། གནམ་གཤིས་འགྱུར་ལྡོག ཏོག་གསར་རིམས་ནད་བཅས་དང་དེ་བཞིན་འབྲུ་རིགས་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་མཁོ་འདོན་ཧུར་ཐག་བྱས་པར་བརྟེན་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོའི་ནུས་པ་གང་ལེགས་བཏོན་ཡོད།
སྒོ་དབྱེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་རེད། ཀྲུང་གོས་ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་ཆུ་ཚད་མཐོན་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐོན་དབང་སྲུང་སྐྱོང་དང་། ཐོན་ལས་ཁ་གསབ། ཁོར་ཡུག་ཚད་གཞི། ངལ་རྩོལ་སྲུང་སྐྱོང་། སྲིད་གཞུང་གིས་ཉོ་སྒྲུབ། དྲ་ཐོག་ཚོང་དོན། དངུལ་རྩའི་ཁྱབ་ཁོངས་སོགས་ཀྱི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་དང་། སྒྲིག་འདོམས། དོ་དམ། ཚད་གཞི་བཅས་གསར་པ་བཟོ་རྒྱུར་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོན་པོས་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། ཀྲུང་གོས་དེ་བས་དགེ་མཚན་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་ལེགས་སྒྲིག་ནང་ཕྱོགས་ཡོངས་ནས་ཞུགས་ཏེ། གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་རེད། ཀྲུང་གོས་འཕེལ་རྒྱས་ཀྱི་གྲོས་གཞི་ཕྱོགས་མང་ཚོང་དོན་གྲོས་མོལ་གྱི་ནང་དོན་གཙོ་བོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་སྟེ། དེ་བས་བསྟུན་མཁས་དང་། དེ་བས་ཀུན་ཕན། དེ་བས་མཉེན་ཆ་ལྡན་པ་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་རེད། ཀྲུང་གོས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་ཤུགས་ཆེན་གཏོང་བ་དང་2026ལོའི་ཟླ་3པར་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་བཞི་པར་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ། སྒོ་དབྱེ་དང་། བསྟུན་མཁས། མཐོང་ཆུང་མི་བྱེད་པ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཁོར་ཡུག་བསྐྲུན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་རེད།
(རྩོམ་པ་པོ་འཛམ་གླིང་ཚོང་དོན་རྩ་འཛུགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་དང་དམིགས་བསལ་གྱི་དབང་ཆ་ཆ་ཚང་ལྡན་པའི་གཞུང་ཚབ་ཆེ་མོ་བ)