འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་19ཉིན།

༄༅།།“ཀྲུང་གོ་ནི་དུས་དང་རྣམ་པ་ཀུན་གྱི་གྲོགས་པོ་བློས་ཐུབ་དང་འཕེལ་རྒྱས་ཀྱི་རོགས་ཟླ་གལ་ཆེན་ཡིན”

——ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་དབུ་ཚོགས་སྐབས་སོ་བརྒྱད་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བར་ཨ་ཧྥེ་རི་ཁའི་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་19ཉིན། 10:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་2ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་དབུ་ཚོགས་སྐབས་སོ་བརྒྱད་པར་གློག་འཕྲིན་བཏང་ནས་འདས་ཟིན་པའི་ལོ་གཅིག་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་འཕེལ་རིམ་གསར་པར་ཕྱིར་དྲན་གནང་བ་མ་ཟད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འདོད་ཚུལ་ཆེན་པོ་དྲུག་དང“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་དེ་བས་མང་བའི་ཐོག་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་དུང་ཕྱུར་28ལྷག་ཙམ་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་ཨ་ཧྥེ་རི་ཁའི་ལས་རིགས་ཁག་གི་མི་སྣས། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བས་རྒྱལ་སྤྱིའི་དུས་འགྱུར་གྱི་ཚོད་བགམ་ཐེགས་ཏེ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་རྒྱལ་སྤྱིའི་འབྲེལ་བ་གསར་པའི་དཔེ་མཚོན་བཏོད་ཡོད་ཅེས་བརྗོད།

     “ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ལས་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། འབྱུང་འགྱུར་གྱི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བར་ཡང་ཡིད་ཆེས་ཆེན་པོ་ཡོད”ཅེས་དང་དུས་ཡུན་རིང་པོའི་ནང་ཀྲུང་གོས་ཨ་ཧྥེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པ་ནས་ཨ་ཧྥེ་རི་ཁ་ཤར་མའི་ལྕགས་ལམ་དྲ་བ་བར་བཅས་ཚང་མ་ལས་མཉམ་ལས་ཀྱི་དགེ་མཚན་ལྡན་པའི་དོན་སྙིང་དང་ཤུགས་རྐྱེན་ཟབ་མོ་མཚོན་པ་དང་ཆབས་ཅིག ཞིང་ལས་དང་། ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་ཀྲུང་གོའི་ཉམས་མྱོང་དང་ལག་རྩལ་གྱིས་ཨ་ཧྥེ་རི་ཁ་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་བཞིན་ཡོད་ཅེས་ཨེ་ཅིབ་པེ་ཉི་སུའུ་ཝེ་ཕུའུ་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེ་མོ་བ་ནཱ་ཏི་ཡཱ·ཞི་ལེ་སྨི་ཡིས་བརྗོད།

     ཀྲུའུ་ཞི་ཞི་ཅིན་ཕིང་གིས། མིག་སྔའི་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཚབ་མཚོན་དུ་བྱས་པའི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”མངོན་གསལ་དོད་པོས་སྟོབས་ཆེར་འགྲོ་བཞིན་ཡོད། འདས་ཟིན་པའི་ལོ་གཅིག་ནང་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ས་ཁུལ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་ཧུར་ཐག་བཅག་པ། “ཨ་ཧྥེ་རི་ཁའི་སྐད་སྒྲ”མཉམ་དུ་བསྒྲགས་ནས་ཨ་ཧྥེ་རི་ཁའི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་ཁྲིད་སྟོན་བྱས་ཡོད། རང་བཙན་རང་བདག་དང་དར་རྒྱས་གོང་འཕེལ་གྱི་འགྲོ་ལམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མི་དམངས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་དེ་བས་ཆེན་པོ་ཐོབ་པར་སྙིང་དབུས་ནས་སྨོན་འདུན་ཞུ་གི་ཡིན་ཞེས་བསྟན་གནང་ཡོད།

     “ཀྲུང་གོས་ཨ་ཧྥེ་རི་ཁའི་མནའ་འབྲེལ་དེ་ཉིད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་རྣམ་འགྱུར་གསལ་པོ་ཨང་དང་པོར་བསྟན་པ་མ་ཟད། ད་དུང་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་གར་སྟེགས་ཐོག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྐད་ཆ་ཤོད་དབང་དེ་བས་མང་པོ་ཐོབ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད་ལ། ཀྲུང་གོས་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོའི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ནང་ཧུར་ཐག་དང་རང་འགུལ་ངང་ཞུགས་རྒྱུར་རོགས་རམ་ཡང་བྱེད་རྒྱུ་རེད”ཅེས་དང་། ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་མཁན་རེད་ལ། རྒྱལ་སྤྱིའི་གར་སྟེགས་ཐོག་ཨ་ཧྥེ་རི་ཁར་རྒྱབ་སྐྱོར་བྱེད་མཁན་གལ་ཆེན་ཡང་རེད། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གོ་ལ་ཧྲིལ་པོའི་དཔལ་འབྱོར་ནང་ཞུགས་རྒྱུར་རོགས་རམ་བྱས་པ་དང་ས་ཁོངས་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་བ་ལས། ཨ་ཧྥེ་རི་ཁའི་རྒྱལ་སྤྱིའི་གནས་བབ་མཐོ་རུ་འགྲོ་རྒྱུར་རོགས་རམ་བྱས་པ་མ་ཟད། འཛམ་གླིང་ཐོག་ཨ་ཧྥེ་རི་ཁའི་སྐད་སྒྲར་མཐོང་དེ་བས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།“ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁ་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་ཀྱི་ཡོད། ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་དུས་དང་རྣམ་པ་ཀུན་གྱི་གྲོགས་པོ་བློས་ཐུབ་དང་འཕེལ་རྒྱས་ཀྱི་རོགས་ཟླ་གལ་ཆེན་ཡིན”ཞེས་མོ་རོ་ཁོའི་དཔལ་འབྱོར་དང་ནོར་སྲིད་བློན་ཆེན་ཟུར་པ་ཧྥ་ཐ་ལཱ·ཝ་ལཱ་ལུའུ་ཡིས་བརྗོད།

    ཨར་ཅི་རི་ཡའི་བཟོ་ལས་མ་འཇོག་རིགས་གཅིག་མཁས་ཅན་མུའུ་ཧན་མོ་ཏི·སཱ་ཡིའུ་ཏི་ཡིས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཚོང་དོན་མཉམ་ལས། སློབ་གསོ། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཚང་མར་ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད། “ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ལྡན་ཡོད”ཅེས་བརྗོད།

     “ཀྲུང་གོའི་ལག་རྩལ་དང་། མ་རྩ། ཁྲོམ་རའི་དགོས་མཁོ་བཅས་ཨ་ཧྥེ་རི་ཁའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་མི་འབོར་མང་བ་དང་ཟུང་འབྲེལ་བྱས་ཚེ། སྟོབས་འབྱོར་སྔར་ལས་ཆེ་བའི་འབྱུང་འགྱུར་གཏོད་ཐུབ་ངེས་ཡིན”ཞེས་དང“མཉམ་ལས་དེ་རིགས་ལས་ཨ་ཧྥེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་རྒྱུ་མ་ཟད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་འཕེལ་རྒྱས་ལ་དཔྱད་གཞི་ཡང་མཁོ་འདོན་ཐུབ་རྒྱུའི་ཡིད་ཆེས་ཡོད”ཅེས་ནཱ་ཏི་ཡཱ་ཡིས་བརྗོད།