འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་20ཉིན།

༄༅།།ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་ནན་བཤད་གནང་དོན། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་ཤིང་ནུས་པ་འདོན་ས་མང་བས་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་ནུས་པ་ཡོད་ཚད་འདོན་པའི་དུས་ལ་བབས་ཡོད།

ལི་ཆང་དང་ཏིང་ཤུའེ་ཞང་ཚོགས་འདུར་ཞུགས་པ་དང་། ཝང་ཧུའུ་ཉིང་གིས་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་19ཉིན། 13:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་2ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་དུ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

ཟླ་2ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་དུ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་དུ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་གཞི་རྩའི་མཛད་ཕྱོགས་དང་སྲིད་ཇུས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མ་ལག་ནང་བཅུག་ཡོད་པས། རྒྱུན་སྲིང་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུ་ཡིན་པ་ལས་འགྱུར་བ་གཏོང་མི་རུང་ལ་འགྱུར་བ་གཏོང་ཡང་མི་སྲིད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་ཤིང་ནུས་པ་འདོན་ས་མང་བས། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་ནུས་པ་ཡོད་ཚད་འདོན་པའི་དུས་ལ་བབས་ཡོད། བསམ་བློ་གཅིག་གྱུར་དང་ཡིད་ཆེས་བརྟན་ཏུ་བཏང་སྟེ་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུ་སེམས་ནང་འཆང་བ་དང་། བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱེད་པ། ཁྲིམས་སྲུང་གཉེར་སྐྱོང་མཁས་པ། སྔོན་ལ་ཕྱུག་པོ་ཆགས་པར་བྱས་ནས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

བཞུགས་མོལ་ཚོགས་འདུའི་ཐོག ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་རེན་ཀྲེང་ཧྥེ་དང་། པི་ཡ་ཏི་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝང་ཁྲོན་ཧྥུའུ། རེ་བ་གསར་པ་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཡུང་ཧའོ། ཧྲང་ཧའེ་ཝེ་ཨེར་གློག་འདྲེན་ཕྱེད་གཟུགས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡུས་རེན་རུང་། ཧང་ཀྲོའུ་ཡུས་ཧྲུའུ་ཚན་རྩལ་ཚད་ཡོད་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཝང་ཤིན་ཤིན། ཞའོ་སྨི་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ལེ་ཅུན་བཅས་དམངས་གཉེར་ཁེ་ལས་ཀྱི་འགན་འཁུར་བའི་འཐུས་མི་6གིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་དུས་བབ་གསར་པའི་འོག་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དམངས་གཉེར་ཁེ་ལས་ནི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་ལམ་བུ་རླབས་པོ་ཆེ་དང་བསྟུན་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་ཞིག་རེད། ལོ་བཅུ་ཕྲག་ཁ་ཤས་རིང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་ཁྲོད་དམངས་གཉེར་དཔལ་འབྱོར་གྱི་གནས་བབ་དང་ནུས་པར་ངོས་འཛིན་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་དང་སྲིད་ཇུས་སྐོར་གྱི་རང་རེའི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ནི་གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་འཕེལ་རྒྱས་བཏང་བ་ཞིག་རེད། ཏང་དང་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱིས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་ཀྱིས་ཁྲིམས་ལྟར་ཐོན་སྐྱེད་ཀྱི་གཙོ་རྒྱུ་འདྲ་མཉམ་ངང་བེད་སྤྱོད་བྱེད་པ་དང་། དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོང་གཅིག་མཚུངས་ཐོབ་པ་བཅས་འགན་ལེན་བྱས་ཏེ། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་ཀྱི་ལེགས་ཆ་ཕན་ཚུན་གསབ་རེས་དང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་གི་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ད་ཆ་རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་ལ་གཞི་ཁྱོན་ངེས་ཅན་ཞིག་ཆགས་པ་དང་། གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད་པས། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་ལྡན་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བ། སྒྱུར་བཅོས་སྒོ་དབྱེ་སྔར་བས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་འགྲོ་བ། ལྷག་པར་དུ་སློབ་གསོའི་ཚན་རྩལ་བྱ་གཞག་འཕེལ་རྒྱས་མགྱོགས་པོ་འགྲོ་བ་དང་། ཤེས་ལྡན་པའི་དཔུང་ཁག་དང་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་ཀྱི་གྲངས་འབོར་མང་ཞིང་བྱང་ཚད་ལེགས་པ། ཐོན་ལས་མ་ལག་དང་རྨང་གཞིའི་སྒྲིག་བཀོད་མ་ལག་ཆ་ཚང་ལ་འཐུས་སྒོ་ཚང་བ། མི་འབོར་དུང་ཕྱུར་14ལྷག་ཙམ་གྱི་གཞི་ཁྱོན་ཆེ་བའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པ་བཅས་ལས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གོ་སྐབས་གསར་པ་མང་པོ་དང་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་བ་མཁོ་འདོན་ཐུབ་རྒྱུ་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ཕྱོགས་མང་པོའི་མངོན་གསལ་དོད་པའི་ལེགས་ཆ་ལྡན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་ཚང་དུ་ཕྱིན་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དེ་བས་བརྟན་པའི་འགན་སྲུང་མཁོ་འདོན་ཐུབ་རྒྱུ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་ཁག་གཅིག་ནི་སྤྱིའི་ཆ་ནས་སྒྱུར་བཅོས་འཕེལ་རྒྱས་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་བརྒྱུད་རིམ་ཁྲོད་ཐོན་པ་ཞིག་ཡིན་ཞིང་། དེ་ནི་ཆ་ཤས་ལས་སྤྱི་ཡོངས་མིན་པ་དང་། གནས་སྐབས་ལས་ཡུན་རིང་མིན་པ། ཁྱད་བསད་ཐུབ་པ་ལས་ཐག་གཅོད་མི་ཐུབ་པའི་གནད་དོན་ཞིག་མིན། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་བརྡར་ཤ་གཅོད་པའི་ཐད་དང་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་བྱེད་པའི་ཐད་གཅིག་གྱུར་ཡོང་བ་བྱས་ཏེ་དཀའ་ངལ་དང་འགྲན་སློང་ཁྲོད་ནས་མདུན་ལམ་དང་། འོད་ཟེར། འབྱུང་འགྱུར་བཅས་མཐོང་ཐུབ་པར་བྱེད་པ་དང་འཕེལ་རྒྱས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་བཏང་སྟེ་འབད་བརྩོན་བྱས་ཕྱིན་རྒྱལ་ཁ་ཐོབ་ངེས་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཏན་ཏན་ཏིག་ཏིག་བྱེད་པ་ནི་མིག་སྔའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་གཙོ་གནད་ཅིག་རེད། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པ་ཚང་མ་ལག་ལེན་མཐའ་གཅིག་ཏུ་བསྟར་དགོས་པ་ལས་ཆད་ལུས་དང་འཐེན་སྐུམ་བྱེད་མི་རུང་། ཐོན་སྐྱེད་ཀྱི་གཙོ་རྒྱུ་ཁྲིམས་ལྟར་འདྲ་མཉམ་ངང་སྤྱོད་པ་དང་ཁྲོམ་རའི་འགྲན་རྩོད་ནང་དྲང་གཞག་ངང་ཞུགས་པའི་འགོག་རྐྱེན་སྣ་ཚོགས་བློ་བརྟན་འགྱུར་མེད་ངང་སེལ་བ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་དེ་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ལ་དྲང་གཞག་ངང་སྒོ་འབྱེད་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཁག་པ་དང་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་མཐོ་བའི་གནད་དོན་མུ་མཐུད་ནུས་ཤུགས་ཡོད་རྒུས་སེལ་དགོས། དམངས་གཉེར་ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཁྲིམས་སྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོན་དངུལ་གང་བྱུང་བསྡུ་བ་དང་། དངུལ་ཆད་གང་བྱུང་གཏོང་བ། ཞིབ་བཤེར་གང་བྱུང་བྱེད་པ། སྒོ་ཐེལ་གང་བྱུང་རྒྱག་པ་བཅས་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཏེ་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དེ་དང་དུས་མཚུངས་རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཡིན་པས། དབང་བའི་ལམ་ལུགས་ཀྱི་ཁེ་ལས་སྣ་ཚོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་པར་གཡོལ་མི་རུང་བའི་ངོས་འཛིན་ཐུབ་པར་བྱེད་དགོས། དཀའ་སེལ་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་ནས་སྲིད་ཇུས་གནད་ལ་འཁེལ་ཚད་མཐོ་རུ་གཏོང་བ་དང་ཕྱོགས་བསྡུས་ཇུས་བསྟར་ལ་མཐོང་ཆེན་བྱས་ཏེ་ཁེ་ལས་ལ་ལྟ་སྟངས་གཅིག་མཚུངས་འཛིན་དགོས། སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་འབྲེལ་བ་སྔར་བས་ལེགས་པར་འཛུགས་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དོན་དངོས་ལ་གཞི་བཙུགས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱེད་པར་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁེ་ལས་ནི་གཉེར་སྐྱོང་བྱེད་པོ་ཡིན་པ་དང་ཁེ་ལས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ནི་ཨང་དང་པོ་ཡིན། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་ལས་གཏོད་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྤྲོ་སེམས་བཅངས་ཏེ་ཕུགས་བསམ་གྱི་གནས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཁྱིམ་ཞེན་རྒྱལ་ཞེན་ཟབ་ཏུ་གཏོང་བ། ཕྱུག་པོ་ཆགས་ན་འབྱུང་རྩ་མི་བརྗེད་པ་དང་ཕྱུག་པོ་ཆགས་ན་ཡར་རྒྱས་མི་བརྗེད་པ། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བར་བློ་རྩེ་གཅིག་ཏུ་གཞོལ་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་མཁན་ཞིག་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་གཙོ་ལས་བརྟན་སྲུང་དང་། ཁེ་ལས་སྟོབས་ཆེར་གཏོང་བ། རང་བརྟེན་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་གཏོང་སྟངས་སྒྱུར་བ། ཁེ་ལས་ཀྱི་སྤུས་ཚད་དང་། ཕན་འབྲས། ལྟེ་བའི་འགྲན་རྩོད་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་སོགས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་ཀྱི་བླང་བྱ་གཞིར་བཟུང་ཁེ་ལས་བཅོས་སྐྱོང་གི་གྲུབ་ཆ་འཐུས་སྒོ་ཚང་དུ་བཏང་སྟེ་རྐང་བདག་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ནང་ཁུལ་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་སྔོན་འགོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ངལ་རྩོལ་དང་། ཤེས་ལྡན་པ། ཤེས་བྱ། ལག་རྩལ། མ་རྩ། གྲངས་གཞི་སོགས་ཐོན་སྐྱེད་ཀྱི་གཙོ་རྒྱུ་བེད་སྤྱོད་དང་། དོ་དམ། སྲུང་སྐྱོང་བཅས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ཁེ་ལས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱེད་དགོས། ཡིད་རྟོན་ཁྲིམས་སྲུང་ངང་གཉེར་སྐྱོང་མཐའ་འཁྱོངས་བྱས་ནས་ཡང་དག་པའི་རིན་ཐང་ལྟ་བ་དང་ཀུན་སྤྱོད་ལྟ་བ་བཙུགས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་ནས་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་ཧུར་ཐག་འཛུགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ནུས་པས་ལྕོགས་ཚོད་ཀྱིས་ཞུགས་པ་བཅས་བྱས་ནས་སྤྱི་ཚོགས་ལ་གཅེས་སེམས་མང་ཙམ་འབུལ་དགོས།

ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་ངོས་འཛིན་ཡང་དག་བྱེད་དགོས་པའི་ནན་བཤད་གནང་སྟེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད། གསུང་བཤད་ཀྱི་གོ་དོན་རྒྱ་ཆེ་ལ་གཏིང་ཟབ་པ་དང་། དགོངས་པ་གཏིང་ཟབ་པ། རྣམ་བཤད་གནད་ལ་འཕིགས་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་ལག་ལེན་མཐའ་གཅིག་ཏུ་བསྟར་དགོས། འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་སྤྱི་ཡོངས་ཀྱི་འདུ་ཤེས་དང་། ཆ་ལག་ཚང་བའི་འདུ་ཤེས། ཁྲིམས་སྐྱོང་གི་སྙིང་སྟོབས་བཅས་ཆེ་རུ་གཏོང་བ་དང་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

(ཉི་དོན་དང་ཚེ་བརྟན་སྒྲོལ་དཀར་གྱིས་སྒྱུར་ཞུས་བྱས)