གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་19ཉིན། 13:50】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་ཀུའེ་དབྱང་ནས་ཟླ་2ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་15ཉིན་གྱི་ཆུ་ཚོད་16དང་སྐར་མ་33ལ། དུས་གཏན་མེ་འཁོར་D1848ཀུའེ་ཀྲོའུ་ཨན་ཧྲུན་བབས་ཚུགས་ནུབ་མ་ནས་ཐོན་ཏེ་ཀུའེ་ཀྲོའུ་ནས་ཡིན་པའི་ལས་མི་600ལྷག་ཙམ་སྤ་སེའི་རིན་པ་མི་དགོས་པར་ཀོང་ཀྲོའུ་རུ་བསྐྱལ་བ་དེ་ནི་ཀུའེ་ཀྲོའུ་ཡིས་2025ལོའི་དཔྱིད་གསར་སྐྱེལ་འདྲེན་མཇུག་སྒྲིལ་གྱི་ལས་མི་སྐྱེལ་མཁན་གྱི་ཆེད་གཏོང་མེ་འཁོར་མཐའ་མ་དེ་རེད།
ཀུའེ་ཀྲོའུ་ནི་ངལ་ནུས་ཕྱིར་གཏོང་གི་ཞིང་ཆེན་ཆེན་པོ་ཞིག་ཡིན་པ་དང་ལོ་ལྟར་ཞིང་ཆེན་ཕྱིར་ལས་ཀ་བྱེད་དུ་སྐྱོད་མཁན་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཁྲི་600ཙམ་ཟིན་གྱི་ཡོད། ལས་མིར་སྟབས་བདེ་སྐྲུན་ཆེད། ཀུའེ་ཀྲོའུ་ལྕགས་ལམ་སྡེ་ཚན་གྱིས་ས་གནས་ཀྱི་མི་སྤྱི་སྡེ་ཚན་དང་མཉམ་དུ་དཔྱིད་གསར་དུས་ཆེན་གོང་སྐྱེལ་འདྲེན་གྱི་ཇུས་གཞི་བཟོས་པ་དང་། ཤུགས་འགྲེམས་མེ་འཁོར་བསྐྱར་སྒྲིག་དང་སྐབས་འཕྲལ་མང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་དང“དྲ་ཐོག་ནས་སྔོན་མངགས་དང་དྲ་ཕྱིའི་ཆེད་མངགས་སྐར་ཁུང”ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་ཚོགས་སྒྲིག་སྤ་སེ་བཙོངས་ཏེ་ལས་མི་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་ཡོད།
ཟླ་2ཚེས་3ཉིན་ཐུང་ཙི་བབས་ཚུགས་ཤར་མ་ནས་ཀུའེ་ཀྲོའུ་ཡི་2025ལོའི་ལས་མི་སྐྱེལ་མཁན་གྱི་ཆེད་གཏོང་མེ་འཁོར་D1835བཏང་བ་ནས་བཟུང་། གཟའ་འཁོར་གཉིས་ནང་ཀུའེ་ཀྲོའུ་ཀུའེ་དབྱང་དང་། པི་ཅེ། ཨན་ཧྲུན། ཙུན་དབྱི། ཏུའུ་ཡུན། ལིའུ་ཕན་ཧྲུའེ། རུང་ཅང་། ཚུང་ཅང་སོགས་ས་ཁུལ་ནས་སྔ་རྗེས་སུ་ལས་མི་སྐྱེལ་མཁན་གྱི་ཆེད་གཏོང་མེ་འཁོར་ཐེངས་19བཏང་ནས་ཀུའེ་ཀྲོའུ་ནས་ཡིན་པའི་ལས་མི་ཁྲི་1.1ལྷག་ཙམ་ཀོང་ཀྲོའུ་དང་། ཧང་ཀྲོའུ། ཝུན་ཀྲོའུ། ཉིང་པའོ་སོགས་སུ་ལོག་ཐུབ་པ་བྱས་ཡོད།
ལས་མི་སྐྱེལ་མཁན་གྱི་ཆེད་གཏོང་མེ་འཁོར་བཀོད་སྒྲིག་ཡག་པོ་བྱ་ཆེད། ཀུའེ་ཀྲོའུ་ཡི་ལྕགས་ལམ་བབས་ཚུགས་ཁག་གིས་སྔ་སྣུར་དུ་སྒྲིག་ཆས་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་། བབས་ཚུགས་ཀྱི་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ། “ཐོགས་མེད་བགྲོད་ལམ”གཏོད་པ། ཆེད་མི་བཀོད་སྒྲིག་བྱས་ནས་ཁྲིད་སྟོན་བྱེད་པ། མེ་འཁོར་སྒུག་ས་བཀོད་སྒྲིག་བཅས་བྱས་ནས་ལས་མི་བབས་ཚུགས་སུ་བསྐྱོད་རྒྱུར་སྟབས་བདེ་ཡོང་བར་བྱས་ཡོད། དེ་དང་ཆབས་ཅིག་རྐང་འཛིན་པ་སྐོང་འཐེན་བྱས་ནས་ཏང་ཡོན་གྱི་ཞབས་ཞུའི་རུ་ཁག་དང་སྡེ་ཚོགས་ཀྱི་འཕྲལ་སྒྲུབ་རུ་ཁག་བཙུགས་ཏེ་གློག་སྐས་དང་བབས་ཚུགས་སྟེགས་བུ་སོགས་སུ་དྲིལ་བསྒྲགས་ཁྲིད་སྟོན་དང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ་ལས་མི་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པ་བྱས་ཡོད།
གཞན་ཡང་། མེ་འཁོར་ནང་ད་དུང་ཉམས་མྱོང་ཕུན་སུམ་ཚོགས་པའི་མེ་འཁོར་གྱི་འགོ་འཛིན་བཀོད་སྒྲིག་བྱས་ནས་ལས་མིར་སྡོད་ས་འཚོལ་རོགས་དང་རྡོག་ཁྲེས་འཇོག་རོགས་བྱས་པ་མ་ཟད། མེ་འཁོར་གྱི་བདེ་འཇགས་ཀྱི་རྒྱུན་ཤེས་དང་། ལག་ཐོགས་ཁ་པར་གྱི་གློག་གསོག་སྐུད་པ། སྨན་སྒམ་སོགས་གྲ་སྒྲིག་ཞིབ་ཚགས་བྱས་ནས་ལས་མིར་སྟབས་བདེ་བསྐྲུན་ཡོད།
གོམ་སྟབས་རྗེས་མར་ཀུའེ་ཀྲོའུ་ལྕགས་ལམ་སྡེ་ཚན་གྱིས་ད་དུང་ལས་མི་གཅིག་སྡུད་ཁུལ་གྱི་བབས་ཚུགས་སུ་ཆེད་མངགས་སྐར་ཁུང་བཙུགས་ནས་མི་སྤྱོད་ཁེ་ལས་དང་ཐར་ཐོར་ལས་མིའི་སྤ་སེ་ཉོ་བའི་དགོས་མཁོ་བསྐངས་པ་མ་ཟད། ཚན་རིག་དང་མཐུན་པའི་ངང་སྐྱེལ་འདྲེན་ཇུས་གཞི་བཟོས་ཏེ་ལས་མི་ལས་གནས་སུ་ཕྱིར་ལོག་ཐུབ་པ་བྱས་ཡོད།