འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་20ཉིན།

༄༅།།“ཆ་འཕྲིན་གུ་དོག་པོ་དང་གྲངས་གཞི་ཁེར་རྐྱང”གི་གནས་སྟངས་ལ་འགྱུར་ལྡོག་བཏང་ནས། གྲོང་ཁྱེར་16ལ་ཟོག་འགྲེམས་གྲངས་གཞི་སྒོ་དབྱེའི་དྲ་སྦྲེལ་ཚོད་ལྟ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་19ཉིན། 13:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་གྲངས་གཞི་ཅུས་སོགས་སྡེ་ཚན་གྱིས《ཟོག་འགྲེམས་གྲངས་གཞི་སྒོ་དབྱེའི་དྲ་སྦྲེལ་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་དབུས་རྒྱུད་དང་། ཤར་རྒྱུད། ནུབ་རྒྱུད་བཅས་ཀྱི་དཔེ་མཚོན་ཁུལ་ལ་ཁྱབ་པ་དང་གྲོང་ཁྱེར་ཆེ་གྲས་དང་ཆེས་ཆེ་གྲས་ལ་བསམ་གཞིག་བྱ་རྒྱུ་རྩ་དོན་དུ་བཟུང་ནས་ཐེན་ཅིན་དང་། ཐང་ཧྲན། ཉིང་པོ། ཅིན་ཧྭ། ཧོ་ཧྥེ། ལིན་དབྱི། ཀྲེང་ཀྲོའུ། ལུའོ་དབྱང་། ཝུའུ་ཧན། དབྱི་ཁྲང་། ཀོང་ཀྲོའུ། ཧའེ་ཁོའུ། ཁྲུང་ཆིན། ཁྲེང་ཏུའུ། ཨུའུ་ལུའུ་མུའུ་ཆི། ཧོར་གོ་སི་བཅས་གྲོང་ཁྱེར་16ལ་ཟོག་འགྲེམས་གྲངས་གཞི་སྒོ་དབྱེའི་དྲ་སྦྲེལ་ཚོད་ལྟའི་ལས་དོན་སྤེལ་རྒྱུ་ཡིན་པ་བསྟན་ཡོད།

བརྡ་ཐོའི་ནང་། ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ཀྱི་གནད་དོན་ལ་དམིགས་ཏེ། “ཆ་འཕྲིན་གུ་དོག་པོ་དང་གྲངས་གཞི་ཁེར་རྐྱང”གི་གནས་སྟངས་ལ་འགྱུར་ལྡོག་བཏང་ནས། སྲིད་གཞུང་སྡེ་ཚན་དང་། འབྲེལ་ཡོད་ཁེ་ལས་དང་དེ་བཞིན་གྲུ་ཁ་དང་། གཞུང་ལམ། ལྕགས་ལམ། མཁའ་ལམ་སོགས་ཀྱི་ལས་སྒོའི་མ་ལག་གི་གྲངས་གཞི་ཤར་གཏོང་ཐུབ་པ་དང་། སྤྱི་ཕན་རང་བཞིན་དང་ཁྲོམ་ར་ཅན་ལུགས་མཐུན་ཟུང་འབྲེལ་གྱི་རིམ་པ་མང་བའི་ཟོག་འགྲེམས་གྲངས་གཞི་སྒོ་དབྱེའི་དྲ་སྦྲེལ་ལམ་སྲོལ་འཚོལ་ཞིབ་དང་སྦྲགས་འཛུགས་པ་དང་། ཟོག་འགྲེམས་གྲངས་གཞི་རིགས་དབྱེ་དང་བརྗེ་རེས་བེད་སྤྱོད་ཀྱི་ཚད་གཞི་ཚད་ལྡན་ཅན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཟོག་འགྲེམས་ཀྱི་སྤྱི་པའི་གྲངས་གཞི་མཉམ་སྤྱོད་སྒོ་དབྱེའི་གསལ་ཐོ་བཟོས་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱབ་གདལ་དང་བེད་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

ཚོད་ལྟའི་ལས་འགན་ནང་སྦྲེལ་མཐུད་སྐྱེལ་འདྲེན་བྱེད་སྟངས་མང་བའི་གྲངས་གཞི་སྒོ་དབྱེའི་དྲ་སྦྲེལ་དང་། བཟོ་སྐྲུན་ལས་རིགས་དང་། ཚོང་དོན་ལས་རིགས། ཟོག་འགྲེམས་ལས་རིགས་བཅས་ཀྱི་གྲངས་གཞི་མཉམ་འདྲེས་བེད་སྤྱོད། རྒྱལ་སྤྱིའི་ཟོག་འགྲེམས་གྲངས་གཞིའི་ཕྱོགས་བསྡུས་ཞབས་ཞུ། རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་བའི་དབར་གྱི་གྲངས་གཞི་ཕན་ཚུན་འབྲེལ་མཐུད་མཉམ་སྤྱོད་བཅས་ཚུད་ཡོད། འདི་ལོའི་ཟླ་2པའི་ཟླ་མཇུག་གོང་། ཚོད་ལྟ་བྱ་ཡུལ་ས་གནས་ཁག་གིས་གཙོ་གནད་ལས་འགན་བདམས་ནས་ཚོད་ལྟའི་ལག་བསྟར་ཇུས་གཞི་བཟོ་རྒྱུ་དང་། ཟླ་12པའི་ཟླ་མཇུག་གོང་། ཚོད་ལྟའི་ཁུལ་བཙུགས་ནས་གྲུབ་འབྲས་མངོན་གསལ་དོད་པའི་ཚོད་ལྟའི་རྣམ་གྲངས་རྨང་གཞིར་བྱས་ཏེ་ཟོག་འགྲེམས་གྲངས་གཞི་སྒོ་དབྱེའི་དྲ་སྦྲེལ་དོན་འཁྱོལ་ལག་བསྟར་བྱེད་སྟངས་ཤིག་ཆགས་པར་བྱ་རྒྱུ་ཡིན་པ་རེད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)