འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་20ཉིན།

༄༅།།ཧུའུ་པེ་ཏན་ཅང་ཁོའུ་ཕུང་ཅ་ཀོའུ་སློབ་ཆུང་གི་སློབ་སྤྱི་ཕེང་ཡུས་ཧྲེང་གིས་སློབ་ཁྲིད་བྱེད་ཐབས་གསར་གཏོད་བྱས་པ།

རི་སྔོ་ཆུ་དྭངས་ཁྲོད་ལང་ཚོའི་ཕུགས་འདུན་མངོན་འགྱུར་བྱེད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་20ཉིན། 14:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཐེན་ཏོའུ་ཏོའུ། ཧྥན་ཧའོ་ཐེན།

ཏན་ཅང་ཁོའུ་ཆུ་མཛོད་ཁུལ་གྱི་ལྟེ་བར་ཕྱོགས་གསུམ་ཆུ་བོས་བསྐོར་བ་དང་ཕྱོགས་གཅིག་རི་ལ་བཅོལ་བའི་ཧུའུ་པེ་ཞིང་ཆེན་ཏན་ཅང་ཁོའུ་གྲོང་ཁྱེར་ལུང་ཧྲན་གྲོང་རྡལ་ཕུང་ཅ་ཀོའུ་གྲོང་ཚོའི་ཚ་ལུ་མའི་ལྡུམ་རའི་འགྲམ་དུ་ཕེང་ཡུས་ཧྲེང་གིས་ཕྲུ་གུ་10ལྷག་ཙམ་ཁྲིད་དེ“ལོ་ཆུང་གདོང་ལེན་རུ་མིས་ཆུ་སྲུང་དམག་ཆུང་ཆུང་བརྩོན་ལེན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་སྣ་མང་ཕུན་སུམ་ཚོགས་པའི་སློབ་ཚན་ཞིག་འཚོགས་པ་རེད།

འདི་ལོ་ལོ་48ལ་སླེབས་པའི་ཕེང་ཡུས་ཧྲེང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཕུང་ཅ་ཀོའུ་བ་ཞིག་རེད།

1996ལོར་དགེ་འོས་ཆེད་ལས་ནས་སློབ་མཐར་ཕྱིན་རྗེས། ཁོང་གིས་གྲོང་ཁྱེར་དུ་ལས་ཀ་བྱེད་པའི་གོ་སྐབས་བློས་བཏང་སྟེ་བློ་རྩ་བརྟན་པོས་ཕུང་ཅ་ཀོའུ་རུ་ལོག་ནས་གྲོང་གསེབ་ཀྱི་དགེ་རྒན་ཞིག་བྱས། དེ་ག་ནི་གྲོང་རྡལ་ཡོངས་ཀྱི་ཐག་རིང་ཤོས་ཀྱི་གྲོང་ཚོ་ཞིག་ཡིན་པ་དང་སློབ་མ་མང་ཆེ་བ་ནི་ཏན་ཅང་ཁོའུ་ཆུ་མཛོད་ཁུལ་གྱི་གནས་སྤོས་ཁྱིམ་ཚང་ནས་ཡོང་བའི་གཞིས་ལུས་བྱིས་པ་ཡིན་པ་རེད། ཕོ་གཞོན་ཕེང་ཡུས་ཧྲེང་གིས“རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རི་ཁུལ་གྱི་ཕྲུ་གུ་དེ་བས་མང་བའི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པ་བྱ་རྒྱུའི”སེམས་ཐག་བཅད།

གྲོང་གསེབ་ཀྱི་སློབ་གྲྭར་འཕྲད་པའི་དཀའ་ངལ་ནི་བལྟོས་བཅས་ཀྱིས་གུ་དོག་པའི་ཁོར་ཡུག་ལས་བྱུང་བ་མ་ཟད། ད་དུང་ཚད་ཡོད་ཀྱི་དགེ་རྒན་གྱི་སྟོབས་ཤུགས་དང་མཁྲེགས་ཆས་ཀྱི་ཆ་རྐྱེན་ལས་བྱུང་མོད། འོན་ཀྱང་ཕེང་ཡུས་ཧྲེང་གིས་ཞན་ཆ་ལེགས་ཆར་བསྒྱུར་ཐུབ་པ་བྱེད་ཀྱི་ཡོད།

ཕེང་ཡུས་ཧྲེང་གིས“གྲོང་གསེབ་ལ་རྒྱ་ཆེ་བའི་གནམ་ས་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཡོད། རི་གསེབ་ཞིང་ནང་དང་། ཤིང་འབྲས་ལྡུམ་ར་དང་འབྲས་ཞིང་ནི་ང་ཚོའི་སློབ་ཁང་ཡིན་པ་དང་། ཆར་རླུང་དང་། མེ་ཏོག འདབ་ཆགས། འབུ། རྩྭ་བཅས་ནི་ང་ཚོའི་སློབ་སྦྱོང་གི་ནང་དོན་རེད”ཅེས་བརྗོད་པ་དང་ཁོང་གིས“འཚོ་བ་ནི་སློབ་གསོ་དང་། སྤྱི་ཚོགས་ནི་སློབ་ཁང་། རང་བྱུང་ནི་སློབ་དེབ་བཅས་ཡིན་པའི”སློབ་གསོའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་སློབ་ཁྲིད་བྱེད་སྟངས་རྒྱུན་འཁྱོངས་བྱེད་ཀྱི་ཡོད།

ཚན་རིག་སློབ་ཚན་གྱི་དགེ་རྒན་ཡིན་པའི་ཕེང་ཡུས་ཧྲེང་གིས་སློབ་ཁང་སློབ་ཁྲིད་དེ་སློབ་གྲྭའི་ཕྱི་རོལ་དུ་རྒྱ་སྐྱེད་བཏང་བ་དང་། ཁོང་གིས་ཚན་རིག་གི་ཞིབ་འཇུག་བྱ་གཞི་ཆར་རྗེས་ཀྱི་རི་ལྡེབས་དང་། མཚན་མོའི་ལུས་རྩལ་ཐང་། ཞིང་ནང་བཅས་སུ་སྤོས་ནས་ཕྲུ་གུ་ཚོས་ཚ་ལུ་མའི་སྡོང་པོའི་འོག་རྩི་ཤིང་གི་སྐྱེ་འཚར་ལ་ཞིབ་འཇུག་བྱེད་པ་དང་། རྫིང་བུའི་ནང་ལངས་ནས་གཡེང་ཤུགས་ཀྱི་ཚོར་སྣང་མྱོང་རོལ་བྱེད་པ། རི་གསེབ་ཞིང་ནང་དུ་རི་སྐྱེས་སྔོ་ཚོད་ལ་ངོས་འཛིན་དང་། སྨན་རྩྭ་འཚོལ་བ། འབུ་སྲིན་ལ་ལྟ་བ་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད།

ཕྲུ་གུ་ཚོ“རོལ་རྩེད”ཁྲོད་སློབ་སྦྱོང་དང་། “ངལ་རྩོལ”ཁྲོད་སློབ་སྦྱོང་། “གསར་གཏོད”ཁྲོད་སློབ་སྦྱོང་བཅས་བྱེད་ཐུབ་པ་བྱེད་ཆེད། ཕེང་ཡུས་ཧྲེང་གིས་དགེ་རྒན་ཚོ་དང་མཉམ་དུ་གསར་གཏོད་སློབ་ཚན་ལ་ཞིབ་འཇུག་བྱེད་པ་དང་ཕྲུ་གུ་ཚོ་དང་མཉམ་དུ་ལུས་རྩལ་ཐང་དུ་ཤིང་དུམ་རྩེད་ཆས་རྩེག་སྟངས་དང་སྒྲིག་རིམ་སྦྱོང་གི་ཡོད། སློབ་གྲྭས་ད་དུང་གནམ་གྲུའི་དཔེ་དབྱིབས་དང་། འཕྲུལ་མི། རིག་ནུས་རླངས་འཁོར་གྱི་དཔེ་དབྱིབས་སོགས་ཁྱད་ཆོས་ལྡན་པའི་སློབ་ཚན་རབ་དང་རིམ་པ་བཀོད་སྒྲིག་བྱས་པས་གསར་གཏོད་སློབ་ཚན་དེ་སློབ་མའི་ཚན་རིག་བྱང་ཚད་གསོ་སྐྱོང་བྱེད་པའི“ཕན་སྐུལ་ཡོ་ཆས”ཤིག་ཏུ་གྱུར་ཡོད། དགེ་རྒན་ཚོའི་ཤུགས་རྐྱེན་དང་ལྕག་སྐུལ་འོག་ངོ་ཚ་སྨིན་པ་དང་གདེང་ཚོད་ཆེན་པོ་དེ་ཙམ་མེད་པའི་གཞིས་ལུས་བྱིས་པ་དེ་དག་སློབ་ཁང་ནས་ཕྱིར་བསྐྱོད་པ་དང་རང་བྱུང་དང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པས། མཐོང་རྒྱ་དང་ཤེས་རྒྱ་ཆེ་རུ་ཕྱིན་ཏེ་གདེང་ཚོད་འཕེལ་བ་དང་སྤྲོ་སྣང་ལྡན་པར་གྱུར་ཡོད།

ཕུང་ཅ་ཀོའུ་སློབ་ཆུང་དུ་ཕྲུ་གུ་ཚང་མར“འཚར་ལོངས་ཀྱི་སྐར་ཐོ”རེ་ཡོད། དུས་རྒྱུན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད། རང་ཉིད་ཀྱི་ཁྱད་ཆོས་ལྡན་ས་དང་ཡར་རྒྱས་ཚང་མ་ཁོང་ཚོའི“སྐར་ཐོར”འགྱུར་ནས“སྐར་གྲངས”ངེས་ཅན་ཞིག་བསགས་རྗེས་དེ་མཚུངས་ཀྱི་བྱ་དགའ་སྤྲོད་ཀྱི་ཡོད།

ལོ་རིམ་ལྔ་པའི་སློབ་མ་ཀྲུའུ་མིང་ཤིན་གྱིས་ཁོང་གི“སྐར་ཐོ”དེ་ཁ་ཕྱེ་ནས“འདི་ནི་རྒན་ལགས་ཀྱིས་ངས་ཕ་མར་ནང་ལས་བྱེད་རོགས་བྱས་པ་ཤེས་རྗེས་སྐར་མ་5བསྣན་པ་དང་འདི་ནི་ངའི་རི་མོར་བྱ་དགའ་ཐོབ་ནས་སྐར་མ་14བསྣན་པ”ཞིག་རེད་ཅེས“སྐར་ཐོར”མཛུབ་མོ་བཙུགས་ནས་དགའ་སྤྲོའི་ངང་བཤད། མི་རིང་བའི་གོང་སློབ་མ་དེས་སློབ་དུས་འདིར་བསགས་པའི་སྐར་གྲངས་སྤྱད་དེ་སྦྱངས་དེབ་གཅིག་དང་། ཁྲེ་ཙེ་གཅིག བྱ་འཕིར་གཅིག་བཅས་བརྗེས་པ་རེད།

ད་ལྟ། ཕེང་ཡུས་ཧྲེང་གི་སློབ་མ་མང་པོ་ཞིག་གིས་ཀྱང་ཁོང་དང་འདྲ་བར་གྲོང་གསེབ་དང་གཞི་རིམ་དུ་གཞིས་འཛུགས་རྒྱུའི་གདམ་ག་བྱས་ཡོད། ལི་ཧུང་ཆིན་2020ལོར་གཅིག་གྱུར་རྒྱུགས་ལེན་བརྒྱུད་ཧྲི་ཡན་གྲོང་ཁྱེར་གྱི་ཏན་ཅང་ཁོའུ་གྲོང་ཁྱེར་ཡུས་ཅ་ཡིང་སློབ་ཆུང་གི་རྩིས་རིག་དང་ཚན་རིག་དགེ་རྒན་དུ་གྱུར་ཏེ་སྣ་མང་ཕུན་སུམ་ཚོགས་པའི་སློབ་ཁྲིད་ཀྱི་འདུ་ཤེས་རང་ཉིད་ཀྱི་སློབ་ཁྲིད་ཁྲོད་སྤྱད་པ་དང་། འདི་ལོ་རའོ་ཆིན་ཧུའུ་པེ་ཞིང་ཆེན་གྱི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་དགེ་རྒན་ཡོངས་བསྒྲགས་གདན་ཞུ་བརྒྱུད་ཧྲི་ཡན་གྲོང་ཁྱེར་ཧྥང་རྫོང་ཅུན་ཏེན་སློབ་ཆུང་གི་རྒྱ་ཡིག་དགེ་རྒན་དུ་གྱུར་ནས་ཁོང་གིས་རྒན་ཕེང་ལགས་ལྟར་བྱམས་བརྩེ་ལྡན་པའི་དགེ་རྒན་ཞིག་བྱེད་རྒྱུའི་སེམས་ཐག་བཅད།

ཆུ་མཛོད་ཁུལ་གྱི་ཕྲུ་གུ་དེ་བས་མང་བའི་ལས་དབང་ལ་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད། ལོ་ཤས་རིང་། ཕེང་ཡུས་ཧྲེང་གིས་སློབ་ཁྲིད་བྱེད་མྱོང་བའི་སློབ་མ་180ལྷག་ཙམ་སློབ་ཆེན་དུ་རྒྱུགས་འཕྲོད་ཡོད། ཕེང་ཡུས་ཧྲེང་གིས“ངའི་རྒྱུན་འཁྱོངས་ལ་བརྟེན་ནས་ཆུ་མཛོད་ཁུལ་གྱི་ཕྲུ་གུ་དེ་བས་མང་བ་རི་ཁུལ་ནས་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་བར་བསྐྱོད་དེ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཐུབ་རེ་བྱེད་བཞིན་ཡོད”ཅེས་བཤད།

(བདེ་སྐྱིད་ཀྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)