འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་20ཉིན།

༄༅།།དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་གཞི་རྩའི་མཛད་ཕྱོགས་དང་སྲིད་ཇུས་ལ་འགྱུར་བ་གཏོང་མི་སྲིད།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་20ཉིན། 15:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

“དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་གཞི་རྩའི་མཛད་ཕྱོགས་དང་སྲིད་ཇུས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མ་ལག་ནང་བཅུག་ཡོད་པས། རྒྱུན་སྲིང་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུ་ཡིན་པ་ལས་འགྱུར་བ་གཏོང་མི་རུང་ལ་འགྱུར་བ་གཏོང་ཡང་མི་སྲིད”

ཟླ་2ཚེས་17ཉིན་འཚོགས་པའི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་བ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་གཞི་རྩའི་མཛད་ཕྱོགས་དང་སྲིད་ཇུས་རྒྱུན་སྲིང་ལག་བསྟར་དང་དོན་འཁྱོལ་གྱིས་རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པར་བློ་བདེའི་ངང་འཕེལ་རྒྱས་དོན་གཉེར་བྱེད་པའི“སེམས་རྣལ་རིལ་བུ”སྟེར་ནས། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྦྱིན་དགོས་ཞེས་གནད་བསྡུས་ཞིབ་ཚགས་གནང་བ་དང་འབྲེལ་ནན་བཤད་གནང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་སྟེ། “དམངས་གཉེར་དཔལ་འབྱོར་ནི་རང་རྒྱལ་གྱི་དཔལ་འབྱོར་ལམ་ལུགས་ཀྱི་ནང་གནས་གཙོ་རྒྱུ་ཞིག་ཡིན་པ”དང“དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པ་ནི་ང་ཚོ་རང་ཉིད་ཀྱི་མི་ཡིན་པ”སོགས་ཀྱི་ཆོད་གཏམ་གལ་ཆེན་ཁ་གསལ་བཏོན་གནང་བས། རང་རེའི་ཏང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་འཛིན་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་ཕྱིན་ཡོད།

ཏང་གི་ཚོགས་ཆེན་བཅུ་དགུ་པར“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ཇུས་ནང་བཀོད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པར“དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་ནས་དམངས་གཉེར་ཁེ་ལས་ཀྱི་བདག་དབང་དང་ཁེ་ལས་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས”ཞེས་བཏོན་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག“སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཁོར་ཡུག་བཟང་པོ་བསྐྲུན་པ་དང་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་པར་གཞོལ་བའི་མཛད་ཕྱོགས་སྲིད་ཇུས་མཐའ་འཁྱོངས་བྱེད་པར”དམིགས་ནས་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་བཀོད་སྒྲིག་བྱས་ཡོད། རང་རེའི་ཏང་གི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་སོང་བ་དང་། འཐབ་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ། ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་སོང་བ་བཅས་བྱུང་ནས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དང་། “འགྱུར་བ་མེད་པ་གསུམ” “སྐྱོན་བྲལ་གཉིས”སོགས་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མངོན་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་ལྷོད་མེད་བྱས་པ་ཐོག་མཐའ་བར་གསུམ་དུ་མངོན་ཡོད།

དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་བརྟན་པོ་སྤོས་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མངོན་གསལ་དོད་དུ་སོང་བ། འཕེལ་རྒྱས་ཀྱི་ནུས་པ་དེ་བས་མངོན་གསལ་དོད་དུ་སོང་ཡོད། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་པོ་གཏོང་བ་དཔེར་བཞག་ན། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ཁྲོད་ཀྱི་དམངས་གཉེར་ཁེ་ལས་2012ལོའི་ཁྲི་2.8ནས་ད་ལྟའི་ཁྲི་42ལྷག་ཙམ་བར་འཕར་བ་དང་། བཟུང་བའི་བསྡུར་ཚད་62.4%ནས་92%ཡན་བར་འཕར་ཡོད། 2024ལོར་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚད་ཁྲི་1300ལྷག་ཙམ་ཟིན་ནས་མིས་བཟོས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་རྒྱུན་མཐུད་ངང་ཐོན་པའི་བར། ཕྱོགས་གང་ས་ནས་དམངས་གཉེར་ཁེ་ལས་ཀྱིས་ནུས་པ་ཡོད་ཚད་བཏོན་པ་མཐོང་ཐུབ། དམངས་གཉེར་དཔལ་འབྱོར་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གསར་པ་ཞིག་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཞིག རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཞིག་བཅས་ཡིན་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱས་ཡོད།

སྒྱུར་བཅོས་སྒོ་དབྱེ་དང་ལྷག་པར་དུ་དུས་རབས་གསར་པ་ཚུན་གྱི་འཕེལ་རྒྱས་བརྒྱུད་རིམ་ལས“ལོ་བཅུ་ཕྲག་རིང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་ཁྲོད་དམངས་གཉེར་དཔལ་འབྱོར་གྱི་གནས་བབ་དང་ནུས་པར་ངོས་འཛིན་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་དང་སྲིད་ཇུས་སྐོར་གྱི་རང་རེའི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ནི་གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་འཕེལ་རྒྱས་བཏང་བ་ཞིག་ཡིན་པ”གསལ་སྟོན་གང་ལེགས་བྱས་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་བའི་རང་རེའི་ཏང་གི་ཆོད་སེམས་བརྟན་པོ་དང་། ལངས་ཕྱོགས་གསལ་པོ། བློ་རྩ་བརྟན་པོ། འཐབ་ཇུས་ཀྱི་ངེས་ཤུགས་བཅས་གསལ་སྟོན་གཏིང་ཟབ་བྱས་ཡོད།

བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་གཞི་རྩའི་མཛད་ཕྱོགས་དང་སྲིད་ཇུས་གནད་བསྡུས་ཞིབ་ཚགས་བྱས་ཏེ། “ཏང་དང་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱིས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་ཀྱིས་ཁྲིམས་ལྟར་ཐོན་སྐྱེད་ཀྱི་གཙོ་རྒྱུ་འདྲ་མཉམ་ངང་བེད་སྤྱོད་བྱེད་པ་དང་། དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོང་གཅིག་མཚུངས་ཐོབ་པ་བཅས་ལ་འགན་ལེན་བྱས་ཏེ། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་ཀྱི་ལེགས་ཆ་ཕན་ཚུན་གསབ་རེས་དང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་བ་དང་། གཞི་རྩའི་མཛད་ཕྱོགས་དང་སྲིད་ཇུས་དེ་དག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མ་ལག་ནང་བཅུག་ཡོད་པ་དང་། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ལས་མཚོན་པ་དེ་ནི་གནས་སྐབས་ཀྱི་བྱེད་ཐབས་ཤིག་མིན་པར། ཕུགས་འཕེར་གྱི་ཇུས་གཞི་ཞིག་ཡིན་པས། སྔོན་ཆད་འགྱུར་ལྡོག་གཏོང་མྱོང་མེད་ལ། སླད་ཕྱིན་འགྱུར་ལྡོག་དེ་བས་ཀྱང་གཏོང་མི་སྲིད། རྒྱང་ལམ་གསར་པར་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་གཞི་རྩའི་མཛད་ཕྱོགས་དང་སྲིད་ཇུས་རྒྱུན་སྲིང་ལག་བསྟར་དང་དོན་འཁྱོལ་བྱས་ཚེ། དམངས་གཉེར་དཔལ་འབྱོར་ལ་བཀྲག་མདངས་གསར་པ་རྒྱས་པ་དང་ལེགས་སྐྱེས་གསར་པ་འབུལ་བར་སྐུལ་འདེད་གཏོང་ཐུབ་ངེས་རེད།

མིག་སྔར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་པས། དམངས་གཉེར་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་མདུན་ལམ་སྔར་ལས་ཡངས་ཤིང་རྒྱ་ཆེ་བ་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་དང་སྲིད་ཇུས་ལ་གོ་བ་ཡང་དག་ལེན་པ་དང་ཕན་ཡོད་ཀྱི་བྱེད་ཐབས་ཁག་བེད་སྤྱོད་ཡག་པོ་བྱས་ཏེ། གདེང་ཚོད་བརྟན་གཏོང་དང་། སྙིང་སྟོབས་ཆེར་སྐྱེད། ངར་ཤུགས་གཅིག་སྒྲིམ། དངོས་སྒྲུབ་གསར་གཏོད་བཅས་བྱས་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་18ཉིན་འབྱོར་བའི་གློག་འཕྲིན)

(ཉི་དོན་དང་ཚེ་བརྟན་སྒྲོལ་དཀར་གྱིས་སྒྱུར་ཞུས་བྱས)