གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་20ཉིན། 15:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
2024ལོའི་ཁུངས་འདེད་ཆོག་པའི་ཞིང་ལས་ཐོན་རྫས་སྤུས་ལེགས་ཀྱི་མིང་ཐོ་ཁག་དང་པོར་མཚོ་སྔོན་མགོ་ལོག་གི་ཐོན་རྫས་རིགས་5ཚུད་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་2ཚེས་17ཉིན་གསར་འགོད་པར་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་ཞིང་ལས་གྲོང་གསེབ་པུའི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟེ་གནས་ཀྱིས་2024ལོའི《ཁུངས་འདེད་ཞིང་ལས་ཐོན་རྫས་སྤུས་ལེགས་ཀྱི་ཐོ་འཇུག་རེ་ཞུ་བསྐྱར་ཞིབ་ཚད་ལོན་ཐོན་རྫས་ཀྱི་མིང་ཐོ》ཁག་དང་པོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཡོངས་སུ་བསྐྱར་ཞིབ་ཚད་ལོན་པའི་སྤུས་རྟགས་ཞིང་ལས་ཐོན་རྫས་58ཡོད་པ་དང་། དེའི་ཁྲོད་མགོ་ལོག་ཀྲོའུ་ཡི་ཞིང་ལས་ཐོན་རྫས་5ཚུད་ཡོད་པ་རེད།
ད་རེས་བསྐྱར་ཞིབ་ཚད་ལོན་པའི་མགོ་ལོག་ཀྲོའུ་ཡི་ཐོན་རྫས་གྲས་སུ། མཚོ་སྔོན་ལྔ་གསུམ་དྲུག་དགུ་སྐྱེ་ཁམས་འབྲོག་ལས་ཚན་རྩལ་ཚད་ཡོད་ཀུང་སིས་བཏོན་པའི“སྐྱེ་ལྡན་ཚགས་ཤ”དང“གཅིག་སྒྲིལ་རྫོང་གི་ཚགས་ཤ”དང་། རྨ་ཆེན་རྫོང་མར་ལོ་དཀར་ཆུ་བཟའ་བཅའ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་སྲོལ་རྒྱུན་གྱི་ཁྱད་ལྡན་ཞོ་དང་དེ་བཞིན་རྨ་ཆེན་སྦས་ཡུལ་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་མཉམ་འབྲེལ་ཁང་གིས་རེ་ཞུ་བྱས་པའི“རྨ་ཆེན་གྱི་ལུག”དང“རྨ་ཆེན་གྱི་འབྲི་གཡག”བཅས་ཚུད་ཡོད། ཐོན་རྫས་དེ་དག་གིས་མགོ་ལོག་ཀྲོའུ་ཡི་ཁྱད་ལྡན་གྱི་སྐྱེ་ཁམས་ཁོར་ཡུག་དང་འབྲོག་ལས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་བརྒྱུད་རིམ་ལ་བརྩི་སྲུང་ནན་པོ་ཞུས་ཏེ། གསོ་ཚགས་ལས་སྣོན་ནས་ཕྱིར་ཚོང་བར་གྱི་འཁོར་འབྲེལ་ཧྲིལ་པོའི་ཁུངས་འདེད་དོ་དམ་མངོན་འགྱུར་བྱུང་བས། ས་མཐོའི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཀ་དང་འགྲན་རྩོད་ནུས་པ་གང་ལེགས་མངོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁུངས་འདེད་ཆོག་པའི་ཞིང་ལས་ཐོན་རྫས་སྤུས་ལེགས་ལ་ཁུངས་འདེད་པའི་དམིགས་ཡུལ་ནི་ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་ཁུངས་འདེད་ཆ་འཕྲིན་ར་སྤྲོད་ལ་ཤུགས་སྣོན་དང་། སྤུས་རྟགས་ཞིང་ལས་ཐོན་རྫས་ཀྱི་ཐོན་ཡུལ་དང་ཡོང་ཁུངས་ལ་དབྱེ་འབྱེད། རང་གཤིས་ཅན་གྱི་ཁུངས་འདེད་ཞབས་ཞུ་མངགས་བཟོ་དང་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་བ། ཐོན་སྐྱེད་ནུས་ཤུགས་གསར་མའི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་ལ་སྐུལ་འདེད། སྤུས་རྟགས་ཞིང་ལས་ཐོན་རྫས་ལ་གྲངས་འཛིན་གྱི་ནུས་སྤྲོད་མགྱོགས་པོ་བཅས་བྱས་ནས། ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད། ད་རེས་མགོ་ལོག་ཀྲོའུ་ཡི་ཐོན་རྫས་5བདེ་བླག་ངང་བདམས་པ་དེ་ཐོག་ནས་མགོ་ལོག་ཀྲོའུ་ཡི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁུངས་འདེད་མ་ལག་འཛུགས་སྐྲུན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་བྱུང་བ་དང་། སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད་པ་རེད།
མགོ་ལོག་ཀྲོའུ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས་ཀྱི་ཏང་ཙུའི་ཁོངས་མི་རྡོར་ཚེ་བརྟན་གྱིས་ངོ་སྤྲོད་བྱས་པར། ད་རེས་བདམས་པའི་ཐོན་རྫས་རིགས་5པོ་ཚང་མ་ཞིང་ཆེན་རིམ་པ་ཡན་གྱི་སྤུས་ཚད་ཀྱི་ཁས་ལེན་དཔང་འདོན་ཐོབ་ནས་དེའི་ཁུངས་འདེད་མ་ལག་ཐོན་སྐྱེད་ལས་སྣོན་དང་། ཞིབ་དཔྱད་ཚད་ལེན། ཟོག་འགྲེམས་ཕྱིར་ཚོང་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་ཁྱབ་ནས། འཛད་སྤྱོད་པར་ཁ་གསལ་ལ་བློས་འགེལ་ཆོག་པའི་སྤུས་ཚད་ཀྱི་འགན་ལེན་བྱས་ཡོད།
ཁོང་ཚོས་ཁུངས་འདེད་ཆོག་པའི་ཐོན་རྫས་སྤུས་ལེགས་ཐོག་མ་དག་འགོ་འཛུགས་ས་གསར་པར་བརྩིས་ནས་ཁུངས་འདེད་ཆོག་པའི་ཐོན་རྫས་སྤུས་ལེགས་ལ་ངོས་འཛིན་གཏན་འཁེལ་བྱེད་པའི་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཁུངས་འདེད་ཆོག་པའི་ཐོན་རྫས་སྤུས་ལེགས“ཕྱིར་སྐྱོད་པར”རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། སྤུས་ལེགས་གོང་ཁེ་ལ་བརྟེན་ནས་ཞིང་འབྲོག་པར་འབབ་འཕར་དང་ཐོན་ལས་ཕན་ཆེ་ཡོང་བར་རམ་འདེགས་བྱ་རྒྱུ་རེད།