འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་20ཉིན།

༄༅།།མཚོ་སྔོན་གྱི་ཡུལ་སྐོར་དམངས་སྲོལ་གནས་ཚང་4རྒྱལ་ཡོངས་ཀྱི་ཀ་པ་རིམ་པ་དང་ཁ་པ་རིམ་པའི་ཡུལ་སྐོར་དམངས་སྲོལ་གནས་ཚང་གི་མིང་ཐོར་ཚུད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་20ཉིན། 15:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་2ཚེས་17ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་གཏམ་བཟང་འབྱོར་བ་སྟེ། ཉེ་ཆར། རིག་གནས་དང་ཡུལ་སྐོར་པུའུ་ཡིས་2024ལོའི་རྒྱལ་ཡོངས་ཀྱི་ཀ་པ་རིམ་པ་དང་ཁ་པ་རིམ་པའི་ཡུལ་སྐོར་དམངས་སྲོལ་གནས་ཚང་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་པ་རེད། ཡུལ་སྐོར་དམངས་སྲོལ་གནས་ཚང་59རྒྱལ་ཡོངས་ཀྱི་ཀ་པ་རིམ་པའི་ཡུལ་སྐོར་དམངས་སྲོལ་གནས་ཚང་གི་ཚད་གཞི་དང་མཐུན་པ་དང་། ཡུལ་སྐོར་དམངས་སྲོལ་གནས་ཚང་80རྒྱལ་ཡོངས་ཀྱི་ཁ་པ་རིམ་པའི་ཡུལ་སྐོར་དམངས་སྲོལ་གནས་ཚང་གི་ཚད་གཞི་དང་མཐུན་ཡོད། དེའི་ནང་མཚོ་སྔོན་གྱི་ཡུལ་སྐོར་དམངས་སྲོལ་གནས་ཚང་4མིང་ཐོར་ཚུད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་དཔྱད་འདེམས་ཀྱི་དམིགས་ཡུལ་ནི་ཡུལ་སྐོར་དམངས་སྲོལ་གནས་ཚང་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་སྲོལ་གནས་ཚང་གི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད་ཡིན་པ་རེད། དཔྱད་བསྡུར་གཏན་འབེབས་བྱས་པ་བརྒྱུད། དམངས་སྲོལ་གནས་ཚང་གི་འཕེལ་རྒྱས་ཚད་ལྡན་དུ་གཏོང་བ་དང་། ཡུལ་སྐོར་བའི་ཞག་སྡོད་ཀྱི་སྐྱིད་སྣང་དོད་དུ་གཏོང་བ། ཡུལ་སྐོར་ལས་རིགས་ལ་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། དཔྱད་འདེམས་ཀྱི་ཚད་གཞིར་དམངས་སྲོལ་གནས་ཚང་གི་སྒྲིག་བཀོད་སྒྲིག་ཆས་དང་། ཞབས་ཞུའི་སྤུས་ཚད། དོ་དམ་གྱི་ཆུ་ཚད། བདེ་འཇགས་གཙང་སྦྲ་སོགས་ཕྱོགས་མང་པོ་ཚུད་ཡོད་པ་རེད། དཔྱད་འདེམས་བརྒྱུད་རིམ་ནང་ཡུལ་སྐོར་དམངས་སྲོལ་གནས་ཚང་གི་རང་མོས་རེ་ཞུ་དང་ཞིང་ཆེན་རིམ་པའི་ཡུལ་སྐོར་དམངས་སྲོལ་གནས་ཚང་གི་དཔྱད་བསྡུར་གཏན་འབེབས་སྒྲིག་གཞིའི་ཐོག་མའི་ཞིབ་བཤེར་དང་། རྒྱལ་ཡོངས་ཡུལ་སྐོར་ཚད་ལྡན་ཅན་ལག་རྩལ་ཨུ་ལྷན་གྱིས་མཐའ་མའི་དཔྱད་བསྡུར་གཏན་འབེབས་བྱེད་པ་དང་འབྲེལ་འབྲས་བུ་ཡང་ཁྱབ་བསྒྲགས་བྱེད་པ་ཚུད་ཡོད།

    མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཝུའུ་ལམ་རྫོང་གི་ཝུའུ་ལམ་མོ་ཧོ་གཙང་པོའི་རྔ་ནོག་ས་ཚིགས་དང་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཐུའུ་རིགས་རང་སྐྱོང་རྫོང་གི་དགོན་ལུང་ན་ཏུན་གཞིས་ཀ·བསམ་གཏན་དམངས་སྲོལ་གནས་ཚང་ཀ་པ་རིམ་པའི་ཡུལ་སྐོར་དམངས་སྲོལ་གནས་ཚང་ལ་བདམས་པ་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་གྱི་ཡུལ་ཤུལ་གཡུ་ཆུ་ཁ་རི་གྲོང་དང་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཁུལ་གྱི་གཞོང་ཐང་ས་ཚིགས་ཡཱ་ཡོན་དམངས་སྲོལ་གནས་ཚང་ཁ་པ་རིམ་པའི་ཡུལ་སྐོར་དམངས་སྲོལ་གནས་ཚང་ལ་བདམས་པ་རེད།