འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་20ཉིན།

༄༅།།ས་མཐོའི་གྲོང་རྡལ་ཆུང་ངུར་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་20ཉིན། 15:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     བསང་ཆུ་རྫོང་ནི་བསང་ཆུ་གཙང་པོ་ལས་མིང་ཐོགས་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཡས་མས་ཙམ་ཟིན་རུང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་དེ་གར་ཡུལ་སྐོར་བྱེད་པར་ཡོང་བའི་འདུན་པ་ཡེ་ནས་འགོག་ཐབས་མེད། མ་གཞི་ས་མཐོར་དཔྱིད་ཀ་ཤར་འགོར་མོད། འོན་ཀྱང་ཕྱོགས་བཞིའི་སྐུ་མགྲོན་ཚོ་སྒུག་བློས་མི་བཟོད་པར་དཔྱིད་ཀ་རྦད་དེ་མ་ཤར་གོང་ནས་གནས་དེར་ཡོང་གི་ཡོད།

     སྙིང་ལྕགས་ནི་བསང་ཆུ་རྫོང་ཨ་མའི་གཞིས་ཁྱིམ་དམངས་སྲོལ་གནས་ཚང་གི་འགན་འཁུར་བ་རེད། ཐོག་སོ་བཞི་ཅན་གྱི་དམངས་སྲོལ་གནས་ཚང་དེར་ཁྱོན་བསྡོམས་ཁང་མིག་12ཡོད་པ་དང་། ཁང་པ་མང་ཆེ་བ་ཤིང་ཤིང་རྐྱང་བཏང་ནས་བོད་ལུགས་ཀྱི་མཛེས་བཟོ་བྱས་ཡོད།

     “ད་ལྟ་བསང་ཆུའི་མགྲོན་ཁང་དང་དམངས་སྲོལ་གནས་ཚང་ཁག་ཏུ་གཙང་སྦྲ་དོད་པོ་ཡོད། ཡུལ་འདི་གའི་ཁྱད་ཆོས་ལྡན་ཞིང་དེང་རབས་ཅན་གྱི་སྒྲིག་ཆས་བསྒྲིགས་ན་སྐུ་མགྲོན་བློ་ཡིད་ཚིམ་པོ་ཡོང་ཐུབ”ཅེས་སྙིང་ལྕགས་ཀྱིས་བཤད།

     སྙིང་ལྕགས་སྔོན་ཆད་རླངས་འཁོར་ཉམས་བཟོའི་ལས་ཀ་བྱེད་ཀྱི་ཡོད། ཕ་ཡུལ་གྱི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་མཐོང་སྐབས། 2023ལོར་ཁོ་པ་ཕ་ཡུལ་དུ་ལོག་ནས་རང་ཁྱིམ་གྱི་ཁང་པ་དམངས་སྲོལ་གནས་ཚང་དུ་སྒྱུར་བཀོད་བྱས། ཡུལ་སྐོར་བ་མང་བའི་དུས་ཚིགས་ཤར་སྐབས་ཁོང་གི་དམངས་སྲོལ་གནས་ཚང་ག་དུས་ཡིན་ཡང་ཁེངས་ཀྱི་ཡོད། ན་ནིང་ཚོང་གཉེར་ཡོང་འབབ་སྒོར་ཁྲི་30ཡན་ཟིན་ཡོད།

    ཨ་མའི་གཞིས་ཁྱིམ་དམངས་སྲོལ་གནས་ཚང་ནས་ཐོན་ཏེ་བསང་ཆུ་གཙང་པོའི་ངོགས་སུ་འཆམ་འཆམ་ལ་སྐྱོད་སྐབས། དེ་དང་མི་རིང་བའི་རི་སྟེང་དུ“དབུ་རྩེ་གླིང་ག”ཞེས་པའི་ཟ་ཁང་ཞིག་ཡོད་པ་དེ་ནི་ས་གནས་དེ་གར་སྐུ་མགྲོན་མང་ཤོས་ཀྱི་ཟ་ཁང་གྲས་ཤིག་རེད།

     ཟ་ཁང་གི་འགན་འཁུར་བ་མགོན་པོས་གསར་འགོད་པར། ཟ་ཁང་འདི་2016ལོར་བཙུགས་པ་ཡིན། གཙོ་བོ་མཉམ་འདྲེས་རྣམ་པའི་གཡོས་སྦྱོར་བྱེད་སྟངས་སྤྱད་ཡོད། དེའང་མི་ཕལ་ཆེ་བས་དགའ་པོ་བྱེད་པའི་བྲོ་བ་དང་ཡུལ་དེ་གའི་ཁྱད་ཆོས་ལྡན་པའི་བོད་ཟས་མཉམ་འདྲེས་བྱས་ནས་བོད་ཟས་གསར་པ་བཟོས་ཡོད། ཟ་ཁང་ནང་སྐུ་མགྲོན་གྱིས་མངགས་མང་ཤོས་ནི“རྡོ་བསྲེགས”དང“ཕྱུར་ཐུག”སོགས་དམིགས་བསལ་ཁྱད་ཆོས་ལྡན་ལ་ལེགས་བཅོས་བྱས་པའི་བོད་ཟས་གསར་པ་དག་རེད་ཅེས་བཤད་བྱུང་།

     མགོན་པོས་བལྟས་ན། ལོ་ཤས་རིང་ས་གནས་དེ་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་ལས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་བ་དང་། རྒྱུན་ཆད་མེད་པར་ལེགས་སུ་བཏང་བའི་རྨང་གཞིའི་སྒྲིག་བཀོད་དང་དར་རྒྱས་ཆེ་བའི་དྲ་རྒྱའི་ལས་སྟེགས་ཀྱིས་ཡུལ་སྐོར་བ་དེ་བས་མང་བ་ཡུལ་སྐོར་ལ་ཡོང་བར་སྟབས་བདེ་བསྐྲུན་ཡོད། 2024ལོར་ཟ་ཁང་དེར་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་བྱུང་ཡོད་པ་རེད།

      ས་མཐོའི་གངས་རིའི་འདབས་སུ་ཇ་བསྲུབས་མ་ཕོར་པ་གང་བཏུངས་ནས་ཡུལ་དེ་གའི་ལྷ་མོ་དང་མེ་ཏོག་མཆོད་པར་དགའ་བས་རོལ་བ་ནི་སོས་དལ་བག་ཕེབས་དང་མི་ཡུལ་གྱི་ལོངས་སྤྱོད་ཅིག་ཅི་མ་ཡིན། ས་མཐོའི་ལྟ་བས་ཆོག་མི་ཤེས་པའི་ཡུལ་ལྗོངས་དང་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཀྱིས་ཕྱོགས་བཞིའི་ཡུལ་སྐོར་བའི་ཡིད་དབང་འགུག་གི་ཡོད་ལ། རིག་གནས་ཡུལ་སྐོར་གྱི་ཚ་རླབས་ཆེན་པོས་ལས་གཏོད་གཞོན་ནུ་མི་ཉུང་བ་ཞིག་དེ་གར་ལས་གཏོད་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་གིན་ཡོད།

     ལོ་30ལ་སླེབས་པའི་མོང་ཁྲུན་ཧྥང་ཀོང་ཏུང་ནས་ཡིན་པ་དང་། 2023ལོར་ཁོང་གྲོགས་མཆེད་དང་མཉམ་དུ་བསང་ཆུར་ཡུལ་སྐོར་ལ་ཡོང་རྗེས། དེ་གར་ལས་གཏོད་བྱ་རྒྱུའི་སེམས་ཐག་བཅད། 2024ལོའི་ཟླ་5པར། ཁོང་གིས“ཧྲན་གཡོད་པར་ལེན་ལས་དོན་ཁང”བསང་ཆུ་རྫོང་དུ་སྒོ་ཕྱེ་ནས་ལས་གཉེར་བྱེད་འགོ་ཚུགས་ཤིང་། གཙོ་བོ་དེ་གའི་ཡུལ་སྐོར་བར་པར་ལེན་གྱི་ཞབས་འདེགས་ཞུ་གི་ཡོད།

     མོང་ཁྲུན་ཧྥང་གིས“ད་ཆ་རྫོང་དུ་པར་རྒྱག་ས་མི་ཉུང་བ་ཞིག་བཙུགས་འདུག འོན་ཀྱང་སྐུ་མགྲོན་ཚོས་ཉམས་ལེན་གྱི་ཚོར་སྣང་མི་འདྲ་བར་མཐོང་ཆེན་བྱེད་ཀྱི་ཡོད་པས། ང་ཚོས་སྐུ་མགྲོན་གྱི་དགའ་ཕྱོགས་ལ་གཞིགས་ནས་ཞབས་འདེགས་སྟབས་བསྟུན་ཞུ་གི་ཡོད”ཅེས་བཤད།

     མོང་ཁྲུན་ཧྥང་གིས། ཉེ་བའི་ལོ་ཤས་རིང་། བསང་ཆུའི་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ཁོང་དང་འདྲ་བའི་རིག་གནས་ཡུལ་སྐོར་ལས་གཉེར་བ་མང་པོ་ཞིག་ལ་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་བ་མཁོ་འདོན་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

     གསར་འགོད་པས་ཤེས་རྟོགས་བྱས་པར། 2024ལོར་བསང་ཆུ་རྫོང་གིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་506.76ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་32.25ཟིན་ཡོད་པ་རེད། ད་ལོའི་ཟླ་1ཚེས་31ཉིན་ནས་ཟླ་2ཚེས་14ཉིན་བར། བསང་ཆུ་རྫོང་གིས་ཡུལ་སྐོར་བ་སྣ་ཚོགས་མི་ཐེངས་ཁྲི་14.6ལ་སྣེ་ལེན་ཞུས་ཡོད་པ་རེད།

     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་2ཚེས་18ཉིན་འབྱོར་བའི་གློག་འཕྲིན།