འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་21ཉིན།

༄༅།།མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་བཙོག་ཆུ་གོ་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་21ཉིན། 12:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་བརྟན་དུ་དང་མཐོ་རུ་གཏོང་བའི་ལོ་གསུམ་བྱ་སྤྱོད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུའི་སྦུག་ལམ་བདེ་འཇགས་འཁོར་སྐྱོད་ཞིབ་བཤེར་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་འཚོ་བའི་གད་སྙིགས་སྦས་སའི་སྒྲིག་བཀོད་དང་། ཐབ་ཚང་གི་གད་སྙིགས་གཙང་སེལ་སྒྲིག་བཀོད། སིམ་འཚག་གཤེར་ཁུ་གཙང་སེལ་སྒྲིག་བཀོད་བཅས་ཀྱི་རྩིས་ཐོ་བཟོས་པར་བརྟེན་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུའི་སྦུག་ལམ་གཙང་སེལ་དང་བཤངས་པ་དང་། གྲོང་ཁྱེར་དང་རྫོང་གྲོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་བཙོག་འབུད་ཀྱི་ཚད་གཞི་ལོན་པ། གྲོང་ཁྱེར་དང་རྫོང་གྲོང་གི་གད་སྙིགས་དང་བཙོག་ཆུ་གཙང་གསིང་མ་ལག་ཕྱོགས་སྒྱུར་རིམ་སྤོར་བཅས་བྱུང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་བཙོག་ཆུའི་མ་ལག་བཅོས་སྐྱོང་ནུས་པ་རིམ་གྱིས་ཆེ་རུ་ཕྱིན་ཡོད།

     2024ལོར། མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བར་དམིགས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་བཙོག་ཆུའི་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། འཚོ་བའི་བཙོག་ཆུའི་གཙང་གསིང་སྒྲིག་བཀོད་6དང་འཚོ་བའི་གད་སྙིགས་སྲེག་སའི་བཟོ་གྲྭ་2བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་ཉིན་རེའི་འཚོ་བའི་བཙོག་ཆུ་གཙང་གསིང་གཞི་ཁྱོན་སྨི་ངོས་གྲུ་ཁྲི་15.9ཐུབ་ནས་གྲོང་ཁྱེར་དང་རྫོང་གྲོང་གི་འཚོ་བའི་བཙོག་ཆུ་གཙང་གསིང་བྱེད་ཚད་96.1%ཟིན་པ་དང་འཚོ་བའི་གད་སྙིགས་གནོད་མེད་གཙང་གསིང་བྱེད་ཚད་98.8%ཟིན་ཡོད། ཟི་ལིང་གྲོང་ཁྱེར་གྱིས་སྔོན་ལ་མཚོ་བོད་ས་མཐོའི་ས་ཁུལ་དུ་ས་ཁོངས་ཧྲིལ་པོའི་འཚོ་བའི་གད་སྙིགས་རྦད་དེ་གཙང་སེལ་ཐུབ་ཡོད།