བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ལམ་སྐྱོང་བཟོ་པ་ལྷག་པ་ཚེ་རིང་གིས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་21ཉིན། 12:28】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ནི་ལྷག་པ་ཚེ་རིང་གིས་གཞུང་ལམ་བདག་སྐྱོང་ཁུལ་གྱི་གཞུང་ལམ་ལ་ཞིབ་བཤེར་བྱེད་བཞིན་པ།
འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ། ཆུང་བདག་སྒྲོལ་དཀར།
ཀྱག་ཀྱོག་གི་གཞུང་ལམ་ཐག་རིང་དུ་བསྲིངས་ནས་གནམ་སྔོན་པོ་དང་གཅིག་ཏུ་འདྲེས་པ་ལྟར་སྣང་ཞིང་། དེ་ནི་ས་བབ་སྨི་5373ཟིན་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་དང་ཕྱི་ཕྱོགས་འབྲེལ་བ་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་རེད་ལ། ལྷོ་ཁའི་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་སྲུང་ལྟེ་གནས་ཀྱི་གྲ་ནང་ལམ་སྐྱོང་དུམ་བུའི་སྟག་ལུང་གཞུང་ལམ་བདག་སྐྱོང་ཁུལ་གྱི་འགོ་འཛིན་ལྷག་པ་ཚེ་རིང་གིས་ལོ་མང་བསྲུངས་བའི་གཞུང་ལམ་ཞིག་ཀྱང་རེད།
ཆ་སྙོམས་ས་བབ་སྨི་4000ལྷག་ཙམ་ཟིན་པ་དང་། ས་གཤིས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་བ། རི་དང་འཁྱགས་རོམ་གྱིས་ཁེངས་པ། གནམ་གཤིས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པ། ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་བཅས་ཀྱི་ཁོར་ཡུག་གིས་གཞུང་ལམ་བདག་སྐྱོང་བྱེད་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད།
“རླངས་འཁོར་གྱི་ཁ་ལོ་བས་བརྗོད་དོན། ཕ་བོང་གིས་ལམ་བཀག་འདུག་པས། ཁྱེད་ཚོ་ལམ་སེང་གཟིགས་པར་ཕེབས་རོགས”ཞེས་མཚན་དགུང་གློ་བུར་དུ་འབྱོར་བའི་ཁ་པར་ཞིག་གིས་ལྷག་པ་ཚེ་རིང་གཉིད་ལས་དཀྲོག་པ་དང་། དེ་ནས་ཁ་པར་ཉན་རྗེས་འཕྲལ་མར་གནས་ཚུལ་ཐོན་སར་བསྐྱོད།
དེ་དུས་དགུན་ཨ་རང་ད་རང་ཡིན་ལ་གྲང་རླུང་འུར་འུར་དུ་ལྡང་བཞིན་ཡོད། ཚངས་ཐིག་ལ་སྨི་གཉིས་གསུམ་ཟིན་པའི་ཕ་བོང་ཆེན་པོ་ཞིག་རི་མཐོ་གཡང་གཟར་ནས་གཞུང་ལམ་གྱི་དཀྱིལ་དུ་ཟགས་ནས་ལམ་བཀག་ཡོད། ལྷག་པ་ཚེ་རིང་གིས་སྔོག་འདྲུའི་འཕྲུལ་འཁོར་བཏང་ནས་ཕ་བོང་དེ་ཕར་ཙམ་འབུད་དགོས་བསམས་ཀྱང་། འཕྲུལ་འཁོར་གྱིས་ཕ་བོང་འགུལ་སྐྱོད་ཏིལ་འབྲུ་ཙམ་ཡང་རྒྱག་མི་ཐུབ་པར་དེ་ལས་ལྡོག་ཏེ་འཕྲུལ་འཁོར་ཡམ་ཡོམ་བྱེད་ཀྱི་ཡོད་པ་རེད། ཉིན་གཅིག་མཚན་གཅིག་རིང་། དཀའ་ཚེགས་ཆེན་པོས་གཙང་སེལ་བྱས་པ་བརྒྱུད། གཞུང་ལམ་དེ་གཞི་ནས་ཤར་གཏོང་ཐུབ་ཡོད།
ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པ་ནི་ལམ་སྐྱོང་བཟོ་པ་ཚོའི་ལས་འགན་གལ་ཆེན་ཞིག་ཡིན་སྟབས། དགུན་ཁར་འཁྱགས་པ་ཐེབས་པ་དང་གངས་འབབ་སྐབས། ལྷག་པ་ཚེ་རིང་གིས་བཟོ་པ་ཚོའི་སྣེ་ཁྲིད་དེ་བདག་སྐྱོང་ཁུལ་ལ་སྐོར་གཡེང་ཡང་ཡང་བྱས་ནས་ཕུང་གསོག་ཐེབས་པའི་གངས་འཁྱགས་འཕྱགས་ཏེ་གཞུང་ལམ་ཤར་གཏོང་ཡོང་བར་བྱེད་ཀྱི་ཡོད།
འདི་ནི་ལྷག་པ་ཚེ་རིང་གིས་གཞུང་ལམ་བདག་སྐྱོང་ཁུལ་གྱི་གཞུང་ལམ་ལ་ཞིབ་བཤེར་བྱེད་བཞིན་པ།
དབྱར་ཁར། འཁྱགས་རོམ་བཞུར་ནས་ཆུ་རྒྱས་ཏེ་ཆུ་ལོག་ཐོན་སླ་བས་རླངས་འཁོར་ཤར་གཏོང་བྱེད་པར་ཉེན་ཁ་བཟོ་གི་ཡོད། ཉིན་ཞིག་གི་མཚན་དགུང་དུ་ལྷག་པ་ཚེ་རིང་ལ་འགྲུལ་པ་ཞིག་ཆུ་ལོག་རྐྱེན་གྱིས་ཉེན་ཁར་གྱར་ནས་རོགས་སྐྱོབ་རེ་འདུན་གྱི་སྙན་སེང་འབྱོར།
ལྷག་པ་ཚེ་རིང་དང་ལས་རོགས་ཚོ་འཕྲལ་མར་གནས་ཚུལ་ཐོན་སར་བསྐྱོད་ཅིང་། དེ་དུས་ཆུ་རྒྱས་ནས་གཞུང་ལམ་སྟེང་ལ་སླེབས་པ་དང་། འཇིབ་ཆུང་རླངས་འཁོར་ཡང་ཆུས་ཕྱེད་ཙམ་བསྣུབས་ནས་ཆུ་ཤུགས་ཆེ་བའི་དབང་གིས་རླངས་འཁོར་གཏོང་མི་ཐུབ་པ་དང་། སྔོག་འདོན་འཕྲུལ་འཁོར་གིས་ཀྱང་འཐེན་ཐབས་བྲལ། “སྔོན་ལ་འགྲུལ་པའི་ཚེ་སྲོག་གི་བདེ་འཇགས་འགན་སྲུང་བྱེད་དགོས”ཞེས་ཆུ་ཁ་མཐོ་རུ་འགྲོ་བ་མཐོང་ནས་ལྷག་པ་ཚེ་རིང་གིས་སྔོག་འདོན་འཕྲུལ་འཁོར་བཏང་ནས་འགྲུལ་པ་གཞོང་པར་བླུགས་ཏེ་བདེ་འཇགས་ཁུལ་དུ་བསྐྱལ་བ་རེད།
འཕྲལ་སྡོམ་རོགས་སྐྱོབ་བྱས་པ་ཕུད། རྒྱུན་གཏན་གྱི་ལམ་སྐྱོང་ལས་དོན་ཙག་ཙིག་བསྒྲུབ་རྒྱུའང་གལ་ཆེན་པོར་གྱུར་ཞིང་། སྣུམ་ནག་རྡོལ་བར་ཉམས་བཟོ་དང་། ལམ་ཟུར་གྱི་ཆུ་འགྲོ་ཉམས་བཟོ་བྱེད་པ། སྣུམ་ནག་འདིང་བ། འཁྱིལ་ཆུ་དང་། འདམ་བག གྲམ་པ་བཅས་གཤོང་བ། གཞུང་ལམ་བདེ་འཇགས་ཀྱི་སྒྲིག་ཆས་ལ་བཀྲག་རྩི་འབྱུག་པ་སོགས་ཀྱང་བྱེད་དགོས་ཀྱི་ཡོད། ལམ་སྐྱོང་བཟོ་པ་བྱས་ནས་བཟུང་། ལྷག་པ་ཚེ་རིང་གིས“དུས་ཐོག་ཏུ་མངོན་མེད་རྐྱེན་ངན་བསལ་ནས་བདེ་འཇགས་ངང་ཤར་གཏོང་ཐུབ་པ་འགན་ལེན་བྱེད་པ”ནི་རང་ཉིད་ཀྱི་ལས་ཀའི་དམིགས་ཚད་དུ་རྩི་བཞིན་ཡོད།
ལྷག་པ་ཚེ་རིང་གི་ཕ་མ་གཉིས་པོ་ཡང་ལམ་སྐྱོང་བཟོ་པ་ཡིན། “ཆུང་དུས་ནས་ཕ་མ་གཉིས་ཀྱིས་ང་ཁྲིད་དེ་གཞུང་ལམ་བདག་སྐྱོང་ཁུལ་ཁག་དབར་ཕར་རྒྱུག་ཚུར་རྒྱུག་གིས་གང་ལ་རོགས་པ་དགོས་ཚེ་དེར་ཁོང་གཉིས་ཡོང་ནས། ས་མཐོའི་མཁའ་ལམ་གྱི་ལམ་རྡོ་བཞིན་ཁེ་གྲགས་མེད་པར་ལེགས་སྐྱེས་ཕུལ་ཡོད”ཅེས་ལྷག་པ་ཚེ་རིང་གིས་བཤད།
ལྷག་པ་ཚེ་རིང་གི་བློ་ངོར་དྲན་གསལ། ཕ་མ་གཉིས་པོས་གྲང་ངར་ལ་མ་འཛེམས་པར་དུས་རྟག་ཏུ་ཕྱིར་ལྟོ་ཆས་ཟོས་ནས་སྡོད་པར་ས་གནས་དེ་གའི་མང་ཚོགས་དང་ཕར་འགྲོ་ཚུང་འོང་བྱེད་མཁན་ཁ་ལོ་བ་ཚོས་མཐོང་སྐབས་གུས་བཀུར་གྱི་རྣམ་འགྱུར་སྟོན་གྱི་ཡོད། “དེ་ལྟར་ལམ་སྐྱོང་བཟོ་པ་རེ་རེས‘བདེ་སྐྱིད་ལམ་བུ’བསྲུངས་ཡོད། ལས་ཀར་དཀའ་ངལ་ཇི་འདྲ་འཕྲད་ཀྱང་ཚང་མས་ཡིད་ཆེས་བྱེད་པ་ནི་ང་ཚོར་ཐེབས་པའི་ལྕག་སྐུལ་ཆེ་ཤོས་ཡིན”ཞེས་ལྷག་པ་ཚེ་རིང་གིས་བཤད།
ལས་ཀ་ལོ་མང་བྱས་པ་བརྒྱུད། ལྷག་པ་ཚེ་རིང་གིས་འཕོ་འགྱུར་ལ་མྱོང་བ་ཟབ་མོ་བྱུང་ཡོད། སྔོན་མ་འབར་འབུར་དང་འདམ་ཉོག་གིས་ཁེངས་པའི་ས་ལམ་དེ། རྗེས་སུ་སྣུམ་ནག་ལམ་དུ་བསྒྱུར་ནས་ཁོད་སྙོམས་པོ་ཆགས་པ་མ་ཟད། ད་ཆ་ས་ཆ་མང་པོར་ཡང་སྣུམ་ནག་ལམ་བཏིང་ནས་ཤར་གཏོང་ཐུབ་ཡོད། ལས་ཀའི་ཆ་རྐྱེན་ཡང་ལེགས་སུ་ཕྱིན་ཏེ། “ཕ་མའི་སྐབས་ཀྱི་ལམ་སྐྱོང་བཟོ་པས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་གཞུང་ལམ་བདག་སྐྱོང་བྱེད་དགོས་ཀྱི་ཡོད། ད་ཆ་ལམ་སྐྱོང་འཕྲུལ་འཁོར་མང་དུ་ཕྱིན་པས། གཞུང་ལམ་དེ་བས་འགྲོ་བདེ་རུ་ཕྱིན་ཡོད་ལ་བདེ་འཇགས་ཀྱང་སྔར་བས་ཡག་ཏུ་ཕྱིན་ཡོད”ཅེས་རིད་ཅིང་ནག་པའི་ཕོ་གསར་དེའི་ངོ་གདོང་གཉེར་མས་ཁེངས་ནས་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད།