—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་21ཉིན། 14:47】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
“དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་ཤིང་ནུས་པ་འདོན་ས་མང་བ” ཉེ་ཆར་འཚོགས་པའི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་མིག་སྔའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་གནང་སྟེ། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས“དཀའ་ངལ་དང་འགྲན་སློང་ཁྲོད་ནས་མདུན་ལམ་དང་། འོད་ཟེར། འབྱུང་འགྱུར་བཅས་མཐོང་ཐུབ་པར་བྱེད་པ་དང་འཕེལ་རྒྱས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་བཏང་སྟེ་འབད་བརྩོན་བྱས་ཕྱིན་རྒྱལ་ཁ་ཐོབ་ངེས་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས”ཞེས་སྐུལ་ལྕག་ཟབ་མོ་གནང་བ་རེད།
དམངས་གཉེར་དཔལ་འབྱོར་ནི་རྒྱལ་དམངས་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གི་ཐོག་མཐའ་བར་གསུམ་གྱི་མཛད་ཕྱོགས་ཤིག་ཡིན་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་བ་ནི་ཕུགས་འཕེར་གྱི་ཇུས་གཞི་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་ལ་ཡར་རྒྱས་ཆེན་པོ་བྱུང་བའི་ཕྱོགས་གལ་ཆེན་ཞིག་ནི“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་ཀྱིས་ཁྲིམས་ལྟར་ཐོན་སྐྱེད་ཀྱི་གཙོ་རྒྱུ་འདྲ་མཉམ་ངང་བེད་སྤྱོད་བྱེད་པ་དང་། དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོང་གཅིག་མཚུངས་ཐོབ་པ་བཅས་འགན་ལེན་བྱས་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད་ཆ་རྐྱེན་བཟང་པོ་སྐྲུན་པ་དང་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་བཏོད་པར་ཐུག་ཡོད།
འཕེལ་རྒྱས་ཀྱི་རྨང་གཞིར་བལྟས་ན། ད་ཆ་རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་ལ་གཞི་ཁྱོན་ངེས་ཅན་ཞིག་ཆགས་པ་དང་། གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད་པས། དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་ལྡན་ཡོད། གཞི་ཁྱོན་དང་གྲངས་འབོར་ནས་བལྟས་ན། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་དམངས་གཉེར་ཁེ་ལས་ཀྱི་གྲངས་འབོར་ཁྲི་5500ལྷག་ཙམ་ཟིན་པ་དང་། ཁེ་ལས་བསྡོམས་འབོར་ནང་དམངས་གཉེར་ཁེ་ལས་ཀྱིས་བཟུང་བའི་བསྡུར་ཚད་92%ཡན་ཟིན་ཡོད། གསར་གཏོད་ཀྱི་ནུས་པར་བལྟས་ན། དམངས་གཉེར་དཔལ་འབྱོར་གྱིས་ལག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་70%ཡན་ལེགས་སྐྱེས་ཕུལ་ནས་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོ་གལ་ཆེན་ཞིག་ཏུ་གྱུར་ཡོད། རང་རྒྱལ་གྱིས་བཟོས་པའི་AIདཔེ་དབྱིབས་ཆེན་པོའི་ནུས་སྦྱིན་ཐོན་ལས་འཁོར་འབྲེལ་ནས་མི་དབྱིབས་འཕྲུལ་མིར་གོ་ལ་ཧྲིལ་པོ་ཧང་སངས་པའི་བར་དམངས་གཉེར་དཔལ་འབྱོར་གྱི་གཞི་ཁྱོན་དང་སྟོབས་ཤུགས་དང་། གསར་གཏོད་ཀྱི་ཆུ་ཚད། ཁྲོམ་རའི་འགྲན་རྩོད་ནུས་པ་བཅས་ཧ་ཅང་ཆེ་རུ་ཕྱིན་པ་ར་སྤྲོད་ཐུབ་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་གསར་དམག་ཡིན་པའི་དམངས་གཉེར་ཁེ་ལས་ཀྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ལེགས་ཆ་འདོན་སྤེལ་དང་སྟོབས་ཤུགས་གྲབས་གསོག་བྱེད་ངེས་རེད།
འཕེལ་རྒྱས་ཀྱི་གར་སྟེགས་ལ་བལྟས་ན། རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་གོ་སྐབས་གསར་པ་དང་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་བ་བསུ་བཞིན་ཡོད། མི་འབོར་དུང་ཕྱུར་14ལྷག་ཙམ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རར་མཚོན་ན། “གསར་གཉིས”སྲིད་ཇུས་ཀྱི་ཕན་འབྲས་དང་ཁྱབ་ཁོངས་ཆེ་རུ་ཕྱིན་པ་དང་བསྟུན་ནས། “མི་མངོན་པའི་སྟོབས་ཤུགས་ལྡན་པའི་འཛད་སྤྱོད”དང“ཕན་འབྲས་ལྡན་པའི་མ་འཇོག”སྔར་བས་སྐུལ་སྤེལ་བྱས་ཏེ། འཕྲུལ་ཆས་སྒྲིག་ཆས་དང་། ནུས་རྒྱུ་གསར་པའི་རླངས་འཁོར། ཁྱིམ་སྤྱོད་གློག་ཆས། སིལ་ཚོང་སོགས་ཀྱི་ལས་རིགས་མགྱོགས་མྱུར་འཕར་བར་སྐུལ་ཁྲིད་བྱས་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་སོང་བ། སྒྱུར་བཅོས་སྒོ་དབྱེ་སྔར་བས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སོང་བ་བཅས་ཚང་མར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་འདུས་ཡོད། ཤེས་ལྡན་པའི་དཔུང་ཁག་དང་ངལ་རྩོལ་ནུས་ཤུགས་ཐོན་ཁུངས་ཀྱི་གྲངས་འབོར་མང་བ་དང་། བྱང་ཚད་ལེགས་པ། ཐོན་ལས་མ་ལག་དང་རྨང་གཞིའི་སྒྲིག་བཀོད་མ་ལག་ཆ་ཚང་ཞིང་འཐུས་སྒོ་ཚང་བ་སོགས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ། ཐོན་ལས་རིམ་སྤོར་དང་འཛད་སྤྱོད་རིམ་སྤོར་གྱི་གོ་སྐབས་དམ་འཛིན་བྱས་ན། དམངས་གཉེར་དཔལ་འབྱོར་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ཕྱོགས་སུ་སྐྱོད་ཐུབ།
འཕེལ་རྒྱས་ཀྱི་འགན་སྲུང་ལ་བལྟས་ན། 2023ལོར་བཏོན་པའི《དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ནང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཚུད་ཡོད། ན་ནིང་ཚུན་དུ། རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ནང་དམངས་གཉེར་ཁེ་ལས་ཞུགས་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་གཏོང་བ་དང་། དེ་ནས་དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་འཕེལ་རིམ་མགྱོགས་སུ་གཏོང་བའི་བར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་བྱེད་ཐབས་ཁག་དོན་འཁྱོལ་བྱེད་བཞིན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ཕྱོགས་མང་པོ་ཞིག་གི་དགེ་མཚན་མངོན་གསལ་དོད་པོ་ལྡན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ན། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དེ་བས་བརྟན་པའི་འགན་སྲུང་བྱེད་ཐུབ།
སྔར་བྱུང་མྱོང་མེད་པའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ནི་མི་དམངས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཡིན་ལ། ལས་སྒྲུབ་ལས་གཏོད་ཀྱི་དུས་རབས་ཀྱི་གར་སྟེགས་ཤིག་དེ་བས་རེད། ད་ཆ་ཆབ་སྲིད་ཀྱི་ཁོར་ཡུག་དང་། དཔལ་འབྱོར་གྱི་ཁོར་ཡུག སྤྱི་ཚོགས་ཀྱི་ཁོར་ཡུག་བཅས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཕན་ཐོགས་ཆེན་པོ་ཡོད་པས། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་ནུས་པ་ཡོད་ཚད་འདོན་པའི་དུས་ལ་བབས་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་19ཉིན་འབྱོར་བའི་གློག་འཕྲིན)
(ཉི་དོན་དང་ཚེ་བརྟན་སྒྲོལ་དཀར་གྱིས་སྒྱུར་ཞུས་བྱས)