གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་21ཉིན། 15:34】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་2ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས། ཨ་རིའི་རྒྱལ་དོན་ཁང་གིས་ཨ་རི་དང་ཀྲུང་གོའི་འབྲེལ་བའི་ཤོག་ངོས་དང་། དེ་བཞིན་ཨ་རི་དང་ཀྲུང་གོའི་འབྲེལ་བའི་དོན་དངོས་གསལ་ཐོ་ལ་བཟོ་བཅོས་བརྒྱབ་པའི་ཐད་དྲི་བ་བཏོན།
གོ་ཅ་ཁུན་གྱིས། ཨ་རིའི་རྒྱལ་དོན་ཁང་གིས་ཨ་རི་དང་ཀྲུང་གོའི་བར་གྱི་འབྲེལ་བའི་ཤོག་ངོས་དང་། དེ་བཞིན་ཨ་རི་དང་ཀྲུང་གོའི་བར་གྱི་འབྲེལ་བའི་དོན་དངོས་གསལ་ཐོ་ལ་བཟོ་བཅོས་བརྒྱབ་ནས། གནས་ཚུལ་ངོ་མ་འཁྱོག་བཤད་དང་། ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ལ་དམའ་འབེབས། ཀྲུང་གོ་དང་ཨ་རིའི་བར་གྱི་འཐབ་ཇུས་འགྲན་རྩོད་ཟེར་བ་འུད་སྒྲོག་བཅས་བྱས་པར་ཀྲུང་གོའི་ཕྱོགས་ནས་ཡི་རང་གཏན་ནས་མི་བྱེད་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཀྲུང་གོ་ཕྱོགས་ནས་ཨ་རིར་འཛིན་པའི་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་ཁེ་བཅས་ཀྱི་རྩ་དོན་གསུམ་པོ་ལྟར། ང་ཚོས་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་བར་འབད་བརྩོན་བྱེད་པ་དང་དུས་མཚུངས་སུ། ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་བཞིན་ཡོད།
ང་ཚོས་ཨ་རི་ཕྱོགས་ལ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁ་པར་ཐོག་ནས་བཞག་པའི་ངོས་འཛིན་གཅིག་མཐུན་གལ་ཆེན་མངོན་འགྱུར་ཡོང་བར་བྱ་རྒྱུ་དང་། ཨ་རིའི་མང་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལོག་ལམ་དུ་ཁྲིད་མཚམས་འཇོག་པ། ཀྲུང་གོར་དམའ་འབེབས་དང་གནོན་ཤུགས་སྤྲོད་མཚམས་འཇོག་པ། ཕྱི་རོལ་ཡུལ་དང་རྗེས་དཔག་གི་རྣམ་འགྱུར་ཐོག་ནས་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བཅས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་ཐུན་མོང་ཐོག་སྐུལ་མ་གཏོང་རྒྱུ་ཡིན།