གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་26ཉིན། 10:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གཡོད་ཧན་ནེ་སི་པའོ་ནས་གློག་འཕྲིན་འབྱོར་གསལ། དུས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི(G20)ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཚེས་21ཉིན་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་གྲོལ་ཞིང་། ཚོགས་འདུའི་ཐོག་རྒྱལ་ཁབ་ཁག་གིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བྱས་པ་རེད།
ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་ཚོགས་འདུའི་རིང་G20དབུ་ཚོགས་ཨ་ཧྥེ་རི་ཁར་འཚོགས་པ་དེ་ཐོག་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ནུས་རྒྱུའི་ཕྱོགས་སྒྱུར་སོགས་གོ་ལ་ཧྲིལ་པོའི་འགག་རྩའི་གནད་དོན་ཐད་ཨ་ཧྥེ་རི་ཁའི་སྐད་ཆ་ཉན་པའི་དགོས་ངེས་རང་བཞིན་མངོན་གསལ་དོད་དུ་ཕྱིན་པ་མཚོན་ཡོད། ལཱ་མཱ་ཧྥུའུ་སཱ་ཡིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ས་ཁུལ་དང་རྒྱལ་ཁབ་གཞན་དག་དབར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བསྟུན་མཁས་རང་བཞིན་ལྡན་པ་དང་མཐུན་སྦྱོར་གཅིག་གྱུར་གྱི་བྱེད་ཐབས་སྤྱད་དེ་ས་འབྲེལ་ཆབ་སྲིད་ཛ་དྲག་པ་དང་། གནམ་གཤིས་ཀྱི་འགྱུར་ལྡོག འབྲུ་རིགས་ཀྱི་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བྱས་པ་རེད།
ཚོགས་འདུའི་ཐོག་ས་འབྲེལ་ཆབ་སྲིད་ཀྱི་མི་མཐུན་པའི་ཆ་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དེས་ཡིད་ཆེས་མེད་པའི་རྣམ་པ་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་ཁག་དབར་གྱི་དབུལ་ཕོངས་དང་། གནམ་གཤིས་ཀྱི་འགྱུར་ལྡོག རིམས་ནད་། ཉིང་རྡུལ་ཁྱབ་འགྱེད། དྲག་པོའི་གདོང་གཏུག་སོགས་ཁ་ཚ་དགོས་གཏུགས་ཀྱི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐད་ཐོབ་པའི་འཕེལ་རིམ་ལ་གཏོར་བཤིག་གཏོང་སྲིད་པས། རྒྱལ་ཁབ་ཁག་གིས་བྱ་སྤྱོད་མྱུར་དུ་སྤེལ་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་མགྱོགས་པོ་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།