—— ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་དབར་དམངས་སེམས་གཅིག་མཐུན་གྱི་མཛའ་གྲོགས་སྦྲེལ་ཟམ་བསྐྲུན་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་26ཉིན། 10:17】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་གྱི་གསར་འགོད་པ། ཧོང་ཕེ་ཀྲའོ། ཚུའེ་ཆི། ཧྲེན་ཞའོ་ཞའོ།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་དབར་གྱི་འཕྲོད་བསྟེན་བདེ་ཐང་མཉམ་ལས་ཁྱབ་ཁོངས་ལ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་སྦྲགས། རྒྱལ་ཁབ་གཉིས་པོའི་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ཁྱབ་ཁོངས་ལའང་དེ་མཚུངས་ཀྱི་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་མི་ཆོས་རིག་གནས་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་པ་དེས་རྒྱལ་ཁབ་གཉིས་དབར་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ་དང་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། ཀྲུང་ཨེའི་རྣམ་པ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།
“ང་ཚོས་ཀྲུང་གོའི་སྨན་པའི་ས་ནས་ཆུ་ཚད་མཐོ་བའི་ཆེད་ལས་ལག་རྩལ་སྦྱོང་ཐུབ་བྱུང”
ཉིན་ཤས་གོང་། ཨེ་ཙེ་ཨོ་ཕི་ཡའི“འོད་སྣང་བྱ་སྤྱོད”རྣམ་གྲངས་ཏི་ལུའུ་ནེ་ཧྲི-པེ་ཅིང་སྨན་ཁང་དུ་བདེ་བླག་ངང་ལག་བསྟར་བྱས་ཤིང་། དུས་ཡུན་ཉིན་20ལྷག་ཙམ་གྱི་འོས་འགན་སྨན་བཅོས་བྱེད་སྒོའི་རིང་། ཐེན་ཅིན་གྲོང་ཁྱེར་མིག་ནད་སྨན་ཁང་གི“འོད་སྣང་བྱ་སྤྱོད”ཀྱི་རིགས་གཅིག་མཁས་ཅན་ཚོགས་པ་དང་ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་ལྔ་པས་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་བརྟེན་ནས་སྐྱ་འགྲིབ་གཤགས་བཅོས་ཚང་མ་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཡོད། རིགས་གཅིག་མཁས་ཅན་ཚོགས་པས་ད་དུང་ས་གནས་དེ་གའི་དམངས་ཚོགས་ལ་སྐྱ་འགྲིབ་འགོག་བཅོས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་ས་གནས་དེ་གའི་སྨན་ཁང་དུ་མིག་ནད་ཚན་ཁག་གི་སྨན་བཅོས་ལག་རྩལ་སྤེལ་རེས་བྱས་ནས་སྔོན་ཐོན་ལག་རྩལ་དང་དོ་དམ་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་ཨེ་ཙེ་ཨོ་ཕི་ཡའི་མིག་ནད་ཚན་ཁག་གི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་ཨེ་ཙེ་ཨོ་ཕི་ཡའི་མིག་ནད་ཚན་ཁག་གི་སྨན་པ་གཤགས་བཅོས་ལ་ཞུགས་ནས་ཉམས་མྱོང་བསགས་ཡོད། ས་གནས་དེ་གའི་མིག་ནད་ཚན་ཁག་གི་སྨན་པ་དབྱི་ལི་ཁར·པེ་ཧ་ནུའུ་ཡིས“ང་ཚོས་ཀྲུང་གོའི་སྨན་པའི་ས་ནས་ཆུ་ཚད་མཐོ་བའི་ཆེད་ལས་ལག་རྩལ་སྦྱོང་ཐུབ་བྱུང”ཞེས་བཤད།
“འོད་སྣང་བྱ་སྤྱོད”ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་དང་ཐེན་ཅིན་གྲོང་ཁྱེར་མིག་ནད་ཚན་ཁག་སྨན་ཁང་གི་ཡོན་ཀྲང་ཀྲང་ཝེས་ད་ཐེངས་ཀྱི“འོད་སྣང་བྱ་སྤྱོད”རྣམ་གྲངས་ནང་ནད་པ་1300ལྷག་ཙམ་ལ་གྲལ་བཤེར་བྱས་པ་དང་ནད་པ་500ལྷག་ཙམ་ལ་སྐྱ་འགྲིབ་གཤགས་བཅོས་ལེགས་གྲུབ་བྱུང་ཡོད།
“ས་གནས་དེ་གའི་སློབ་མར་རྩལ་ནུས་མཐོར་འདེགས་ཀྱི་རྩ་ཆེའི་སྟེགས་བུ་བསྐྲུན་པ”
ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ཕྲན་མཉམ་འབྲེལ་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གླིང་གི་གློག་རླངས་རང་འགུལ་ཅན་ཚོད་འཛིན་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཁར་ཅི་ཏན·ཅི་པུའུ་ལེ་ཐེ་དངོས་གཞིའི་ཚན་ཁག་གི་དུས་ནས་བཟུང་། ཨེ་ཙེ་ཨོ་ཕི་ཡའི་ལུའུ་པན་བཟོ་ཁང་གི་གསོ་སྦྱོང་ལ་ཞུགས་ཏེ་ལུའུ་པན་བཟོ་ཁང་དགེ་རྒན་གྱི་མཛུབ་ཁྲིད་འོག་ཁོང་གིས་འཕྲུལ་གློག་གཞི་གཅིག་ཅན་གྱི་སྒྲིག་ཆས་དང་བཟོ་ལས་འཕྲུལ་མིའི་ལག་ཤེས་སྦྱངས་ནས་ད་ཆ་ལག་རྩལ་བྱང་ཆུབ་པོ་ཡོད།
ལོ་མང་རིང་། ས་གནས་དེའི་དགེ་རྒན་མཱ་ཧ་ལི་ཐའེ་ཏི་ཅཱ་ཡེ་ཡི་སློབ་མ་མང་པོ་ཞིག་ཨེ་ཙེ་ཨོ་ཕི་ཡའི་བཟོ་ལས་ཅན་ཁྱབ་ཁོངས་ཀྱི་ཤེས་ལྡན་པར་གྱུར་ཅིང་། ཁོང་གི་སློབ་མ་ཞིག་ལ་པེ་ཅིང་དུ་འཚོགས་པའི་2021ལོའི་འཛམ་གླིང་འཕྲུལ་མིའི་འགྲན་བསྡུར་ཆེ་མོར་ཨང་དང་པོ་ཐོབ་པ་དང་ད་ཆ་ཐེན་ཅིན་ལས་རིགས་ལག་རྩལ་དགེ་འོས་སློབ་ཆེན་དུ་རབ་འབྱམས་པའི་སློབ་གནས་འགྲིམ་བཞིན་ཡོད།
ཨེ་ཙེ་ཨོ་ཕི་ཡའི་ངལ་རྩོལ་བཟོ་པ་དང་རྩལ་ནུས་པུའི་པུའུ་ཀྲང་མུའུ་ཧྥེ་ལི་ཡཱ་ཐེ·ཁཱ་སྨི་ལེ་ཡིས་ཨེ་ཙེ་ཨོ་ཕི་ཡའི་ལུའུ་པན་བཟོ་ཁང་གཉེར་སྐྱོང་ཐུབ་པ་དེ་ཨེ་ཙེ་ཨོ་ཕི་ཡ་དང་ཀྲུང་གོའི་འབྲེལ་བ་མུ་མཐུད་ཟབ་ཏུ་ཕྱིན་པའི་མཚོན་རྟགས་ཤིག་ཡིན། རྒྱལ་ཁབ་གཉིས་པོའི་ལས་རིགས་སློབ་གསོའི་སྤེལ་རེས་མཉམ་ལས་ཁྲོད་ཨེ་ཙེ་ཨོ་ཕི་ཡའི་གཞོན་ནུ་དེ་བས་མང་པོར་འཛམ་གླིང་གི་ལག་རྩལ་རྩེ་གྲ་དང་ལས་རིགས་གསོ་སྦྱོང་ཡག་ཤོས་ཐོབ་ཡོད། ཀྲུང་གོས་གསར་གཏོད་ཐད་རྒྱབ་སྐྱོར་དང་མ་འཇོག་བྱས་པ་བརྒྱུད། ཨེ་ཙེ་ཨོ་ཕི་ཡའི་ངལ་རྩོལ་ནུས་ཤུགས་ཀྱི་བྱང་ཚད་མཐོ་རུ་ཕྱིན་པ་མ་ཟད། ཨེ་ཙེ་ཨོ་ཕི་ཡའི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ལ་རོགས་རམ་ཐུབ་ཡོད་ཅེས་བཤད་པ་རེད།
“ཨེ་ཙེ་ཨོ་ཕི་ཡ་དང་ཀྲུང་གོའི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་སྐར་ཁུང་ཞིག”
ཨེ་ཏི་སི་ཨ་པ་པ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཀའོ་ལི་ལིས་ངོ་སྤྲོད་བྱས་པར། སློབ་གླིང་2013ལོར་བཙུགས་པ་དང་ཐེན་ཅིན་ལས་རིགས་ལག་རྩལ་དགེ་འོས་སློབ་ཆེན་དང་ཨེ་ཏི་སི་ཨ་པ་པ་སློབ་ཆེན་གཉིས་ཀྱིས་མཉམ་གཉེར་བྱས་ཤིང་། སློབ་གྲྭ་བཙུགས་པ་ནས་བཟུང་། སློབ་གླིང་གིས་ཨེ་ཙེ་ཨོ་ཕི་ཡ་དང་ཨེ་ཙེ་ཨོ་ཕི་ཡར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ལ་ཕྱོགས་ནས་རྣམ་པ་འདྲ་མིན་གྱི་རྒྱ་ཡིག་སློབ་ཁྲིད་དང་རིག་གནས་སྤེལ་རེས་བྱེད་སྒོ་དང་། རྒྱལ་སྤྱིའི་རྒྱ་ཡིག་སློབ་གསོའི་རབ་འབྱམས་པ་དང་རྒྱ་ཡིག་དངོས་གཞིའི་ཚན་ཁག་རིམ་པའི་སློབ་གཉེར་སློབ་གསོ། རིམ་པ་མི་འདྲ་བའི་རྒྱུན་རྣམ་ཅན་གྱི་རྒྱ་ཡིག་གསོ་སྦྱོང་བཅས་བྱེད་ཀྱི་ཡོད། སློབ་གླིང་གིས་ད་དུང་ཨེ་ཙེ་ཨོ་ཕི་ཡའི་སྲིད་གཞུང་དང་། ས་གནས་དེ་གའི་ཁེ་ལས་ཆེ་གྲས། ཀྲུང་གོའི་ཁེ་ལས་བཅས་དང་མཉམ་དུ“རྒྱ་ཡིག་དང་ལས་རིགས”སློབ་ཚན་སྒྲིག་འཛུགས་བྱས་ཏེ་ཨེ་ཙེ་ཨོ་ཕི་ཡའི་མ་འཇོག་ཨུ་ལྷན་དང་། ཕྱི་འབྲེལ་པུའུ། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་སོགས་སྲིད་གཞུང་སྡེ་ཚན་ནམ་ཡང་ན་སྒྲིག་གཞི་མང་པོར་ཞབས་འདེགས་ཞུ་གི་ཡོད།
“ཉེ་བའི་ལོ་ཤས་རིང་། ཨེ་ཏི་སི་ཨ་པ་པ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་ས་གནས་དེ་གའི་རྒྱ་ཡིག་སློབ་གསོ་རང་ཡུལ་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད་ལ། ཨེ་ཙེ་ཨོ་ཕི་ཡའི་ཨའོ་ལུའོ་སྨི་ཡ་ཀྲོའུ་སློབ་གསོ་ཅུས་དང་མཉམ་ལས་བྱས་ཏེ་སློབ་འབྲིང་སློབ་མར་ཕྱོགས་པའི་ས་གནས་དེ་གའི་རྒྱ་ཡིག་སློབ་ཚན་གྱི་རྩ་གནད་གསར་སྤེལ་དང་། ས་གནས་དེ་གའི་རྒྱ་ཡིག་དགེ་རྒན་གསོ་སྦྱོང་། ས་གནས་དེ་གའི་རྒྱ་ཡིག་སློབ་དེབ་གསར་སྤེལ་བཅས་བྱས་ཡོད” ཀའོ་ལི་ལིས་སློབ་གླིང་གིས་2023ལོའི་ཟླ་12པར་ཨེ་ཙེ་ཨོ་ཕི་ཡའི་ཡོངས་བསྒྲགས་དཔེ་སྐྲུན་ཁང་གིས་འགྲེམས་སྤེལ་བྱས་པའི་ས་གནས་དེ་གའི་རྒྱ་ཡིག་སློབ་དེབ་ཐོག་མ《བཀྲ་ཤིས་བདེ་ལེགས། རྒྱ་ཡིག》ཁྱབ་བསྒྲགས་བྱས་པ་དང་ཆེད་ལས་ཀྱི་རྒྱ་ཡིག་སློབ་ཁྲིད་ཞབས་ཞུར་བརྟེན་ནས་སྤུས་ཚད་མཐོ་བའི་ས་གནས་དེ་གའི་རྒྱ་ཡིག་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་རིག་གནས་སྤེལ་རེས་ལ་རམ་འདེགས་དང་རྒྱལ་ཁབ་གཉིས་ཀྱི་དམངས་སེམས་གཅིག་མཐུན་གྱི་མཛའ་གྲོགས་སྦྲེལ་ཟམ་བསྐྲུན་ཡོད་ཅེས་བཤད།